འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་གྲངས་ཆུང་བརྒྱད་ཡིན་པའི་ས་འགུལ་རྒྱབ་འདུག
རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་གྲངས་ཆུང་བརྒྱད་ཡིན་པའི་ས་འགུལ་རྒྱབ་འདུག་ལ་ད་ལྟའི་ཆར་མི་སྣ་ཤི་རྨས་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མི་འདུག
- 2022-06-09
-
-
-
དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་དྲུག་པའི་ཚེས་༡༠ཉིན་གྱི་ཐོ་རེངས་ཆུ་ཚོད་༡༢དང་སྐར་མ་གསུམ་གྱི་ཐོག་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་གྲངས་ཆུང་བརྒྱད་དང་ཟབ་ཚད་སྨི་ཁྲི་གཅིག་ཡོད་པའི་ས་འགུལ་རྒྱབ་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་མྱུར་སྐྱོབ་མི་སྣ་བཏང་ཡོད་པ་ལས། མི་སྣ་ཤི་རྨས་དང་ཁང་པ་གཏོར་སྐྱོན་སོགས་གང་འདྲ་བྱུང་ཡོད་མེད་ཐད་གནས་ཚུལ་གང་ཡང་བཀོད་མི་འདུག
འབར་ཁམས་ཕྱོགས་ཀྱི་ས་གནས་ཡུལ་མི་ཞིག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་སྐབས། ཁོང་གིས་ད་རེས་ས་འགུལ་གྱི་འགུལ་ཤུགས་ཆེན་པོ་འདུག འདིར་མཚན་དཀྱིལ་རེད། མི་རྣམས་འཇིགས་སྣང་གིས་ཁང་པའི་ཕྱི་ལ་བྲོས་ནས་ཉེན་ཡོལ་བྱས་བསྡད་འདུག ཡིན་ན་ཡང་ད་ལྟའི་ཆར་ས་ཡོམ་ཁྲོད་གནོད་སྐྱོན་གང་འདྲ་བྱུང་ཡོད་མེད་སོགས་གསལ་བོ་ཤེས་དཀའ་མོ་འདུག་ཟེར།
དེ་སྔ་༢༠༢༡ལོར་མགོ་ལོག་ཁུལ་རྨ་སྟོད་རྫོང་དང་། ༢༠༢༢་ལོར་མཚོ་བྱང་ཁུལ་སེམས་ཉིད་རྒྱ་མདོ་རྫོང་བཅས་སུ་འགུལ་ཚད་རིམ་པ་འདྲ་མིན་གྱི་ས་ཡོམ་རྒྱབ་ཡོད་པ་དང་། མགོ་ལོག་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་༧.༤་ཡོད་པའི་ས་ཡོམ་བརྒྱབ་པའི་རྗེས། ས་གནས་ཀྱི་གནས་སྟངས་གང་མཚམས་རིང་ཁ་གསལ་མེད་པར་ལྷག་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་གནས་ཚུལ་ཁ་གསལ་བསྒྲགས་མེད་ཀྱང་། རྗེས་སུ་རྨ་སྟོད་ས་ཡོམ་ཁྲོད་མི་སྣ་ཤི་རྨས་ཀྱི་གྲངས་འབོར་འཕར་བའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།