ཤིན་ཅིང་ལ་འགུལ་ཚད་རིམ་པ་དྲུག་ཚེག་བཞི་ཅན་གྱི་ས་ཡོམ་བྱུང་བ།
ཤིན་ཅིང་ལ་ས་ཡོམ་བྱུང་ནས་ཉུང་མཐར་མི་དྲུག་རྐྱེན་འདས་སུ་ཕྱིན་པ་དང་བཅུ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
-
2015-07-03 -
-
-
ཤིན་ཅིང་ལ་ས་ཡོམ་བྱུང་ནས་ཉུང་མཐར་མི་དྲུག་རྐྱེན་འདས་སུ་ཕྱིན་པ་དང་བཅུ་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
དེ་ཡང་དེ་རིང་ཚེས་༣རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཤིན་ཅིང་ནང་དུ་ས་ཡོམ་གྱི་གནོད་འཚེ་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་རྐྱེན་འདས་སུ་ཕྱིན་པ་དང་། མི་བཅུ་ཕྲག་ཁ་ཤས་རྨས་སྐྱོན་ཕོག་ཡོད་པའི་ཁར་སྡོད་ཁྱིམ་སྟོང་ཕྲག་འགའ་ཤས་གཏོར་སྐྱོན་བྱུང་ཡོད་པ་དང་། རྒྱ་ནག་གི་ཛ་དྲག་ལས་དོན་སྤེལ་མཁན་དཔོན་རིགས་ནས། ཤིན་ཅིང་གི་ལྷོ་ཕྱོགས་གྲོང་ཁྱེར་Hotan ནས་ནུབ་བྱང་ཕྱོགས་སུ་ལམ་ཐག་སྤྱི་ལེ་༡༦༠ཙམ་གྱི་མཚམས་སུ་ས་ཡོམ་འགུལ་ཚད་དྲུག་དང་གྲངས་ཆུང་༤ རྒྱབ་ཏེ་དེའི་ཁུལ་གྱི་ཡུ་གུར་མི་རིགས་ཀྱི་ཁྱད་ཆོད་ལྡན་པའི་སྡོད་ཁྱིམ་མང་ཆེ་བ་གཏོར་སྐྱོན་ཐེབས་ཡོད་པའི་སྐོར་བཤད་ཡོད་ལ། རྒྱ་ནག་གི་བརྙན་འཕྲིན་ལས་ཁང་གི་དྲ་རྒྱའི་ཐོག་ལ་ས་ཡོམ་གྱི་གནོད་འཚེའི་ནང་མི་ཤི་རྨས་བྱུང་བའི་ནང་དུ་ཁྱིམ་ཚང་གཅིག་ནས་ཕ་དང་བུ་གཉིས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་ལུགས་བཀོད་ཡོད་པ་རེད།
རྒྱ་ནག་གི་སྤྱི་དམངས་ལས་དོན་ཁང་གིས། ས་ཡོམ་གྱི་གནོད་འཚེ་དེའི་ནང་ཉུང་མཐར་ཡང་སྡོད་ཁྱིམ་གསུམ་སྟོང་ལ་ཚབས་ཆེའི་གཏོར་སྐྱོན་བྱུང་བའམ་ཡང་ན་རྡིབ་སྐྱོན་བྱུང་ཡོད་པའི་སྐོར་བཤད་ཡོད་པ་དང། དེའི་ཐོག་ལ་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཤོག་ལས་ཁང་གིས། རྨས་སྐྱོན་ཕོག་པའི་མི་གྲངས་༥༠བྱུང་ཡོད་ལུགས་དང། གལ་ཏེ་ས་ཡོམ་དེ་རྒྱབ་པའི་སྐབས་ས་ཆ་གཅིག་ཏུ་མི་མང་པོ་རུབ་སྡོད་བྱས་ཡོད་ཚེ་མི་མང་པོར་གནོད་སྐྱོན་བཟོ་རྒྱུ་སོགས་ཚབས་ཆེའི་གོད་ཆགས་ཡོང་རྒྱུ་ཡིན་པ་དང་། ཡིན་ནའང་སྐབས་དེར་ས་གནས་གཅིག་ལ་མི་འགའ་ཤས་ལས་མཉམ་སྡོད་བྱས་མེད་པའི་རྐྱེན་གྱིས་གོད་ཆགས་ཚབས་ཆེན་པོ་དེ་འདྲ་བྱུང་མེད་ལུགས་བཀོད་ཡོད་པ་རེད།
ས་ཡོམ་གྱི་གནོད་འཚེ་ནི་རྒྱ་ནག་ཏུ་ཡང་སེ་ཡོང་བཞིན་པ་དང་། དེ་སྔ་༢༠༠༨ལོར་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་སྟེ། ཁྱོན་མི་གྲངས་ཁྲི་བདུན་ཙམ་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ་གཡུ་སྒྲོན།