སངས་རྒྱས་ཟ་ཞེས་པའི་དཔེ་དེབ་དེས་བོད་རྔ་བ་ཙམ་དུ་མ་ཡིན་པར་བོད་ས་ཁྱོན་ཡོངས་ཀྱི་དངོས་ཡོད་གནས་སྟངས་མཚོན་ཐུབ་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

སངས་རྒྱས་ཟ་ཞེས་པའི་དཔེ་དེབ་དེས་བོད་རྔ་བ་ཙམ་དུ་མ་ཡིན་པར་བོད་ས་ཁྱོན་ཡོངས་ཀྱི་གནས་སྟངས་མཚོན་ཐུབ་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

སངས་རྒྱས་ཟ་ཞེས་པའི་དཔེ་དེབ་དབུ་འབྱེད་སྐབས། ༢༠༢༤།༡༡།༠༥ ཉིན། RFA/ Dickey Kundol

རྩོམ་པ་པོ་དང་གསར་འགོད་པ་ལྕམ་སྐུ་ Barbara Demick ལགས་ཀྱིས་བརྩམས་པའི་བོད་སྤྱི་དང་ལྷག་པར་དུ་རྔ་བ་ཁུལ་དུ་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་སོགས་ཀྱི་གནས་ལུགས་འཁོད་པའི་དཔེ་དེབ་ Eat the Buddha ཞེས་པ་དེ་བཞིན། སངས་རྒྱས་ཟ་བ་ཞེས་པར་བདེ་པོ་འཚོ་ལགས་ཀྱིས་བོད་སྒྱུར་གནང་བ་དང་། ཨ་འབྲུག་དཀོན་མཆོག་ལགས་ཀྱིས་བསྐྱར་ཞིབ་ཀྱིས་ཟླ་ ༡༡ པའི་ཚེས་ ༥ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་དབུ་འབྱེད་གནང་སོང་བ་དང་། དཔེ་དེབ་བོད་སྒྱུར་གནང་མཁན་བདེ་པོ་འཚོ་ལགས་ནས། དཔེ་དེབ་དེ་ཆེད་མངགས་བསྒྱུར་དགོས་དོན་ནི། ཁོང་རང་ཉིད་ཀྱི་གཅུང་པོ་ཡང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་ཞིག་ཆགས་ཀྱི་ཡོད་པས། དཔེ་དེབ་དེ་བཞིན་སྒེར་སོ་སོ་ལའང་སེམས་ཐག་ཉེ་པོར་གྱུར་ཡོད་པར་བརྟེན་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

ཡང་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས། སངས་རྒྱས་ཟ་བ་ཞེས་པའི་དཔེ་དེབ་དེའི་ནང་བོད་རྔ་བ་ཁུལ་གྱི་གནས་སྟངས་ཙམ་ཞིག་གསལ་སྟོན་གནང་ཡོད་ཀྱང་། གནས་སྟངས་དེ་བཞིན་རྔ་བ་ཙམ་དུ་མ་ཡིན་པར་བོད་ས་ཡོངས་རྫོགས་ཀྱི་གནས་སྟངས་མཚོན་ཐུབ་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག་ལ། སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས། བོད་ནང་མི་འབོར་དེ་འདྲ་མང་པོ་ཞིག་གིས་སྐུ་ལུས་མེར་མཆོད་ཕུལ་ཡོད་པ་ནི། ཚད་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱས་པའི་ཚད་མཐོ་ཤོས་དེ་ཡིན་ཡང་བོད་ནང་གི་གནས་སྟངས་ལ་ཡར་རྒྱས་ཀྱི་འགྱུར་བ་མེད་པར། དེ་ལས་ལྡོག་སྟེ་གནས་སྟངས་སྡུག་ཏུ་འགྲོ་བཞིན་པ་ནི་སེམས་སྐྱོ་དགོས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་ལ། དཔེ་དེབ་དེ་བཞིན་བོད་ནང་རང་ལུས་མེར་བསྲེག་སྐོར་ཙམ་ཞིག་མིན་པར། རྒྱ་ནག་གི་བཙན་འོག་ཏུ་བོད་ནང་གི་དངོས་ཡོད་གནས་སྟངས་དང་རྒྱ་ནག་གི་སྲིད་བྱུས་སོགས་གསལ་སྟོན་བྱེད་པའི་བོད་ཀྱི་དེང་རབས་ལོ་རྒྱུས་སུ་ངོས་འཛིན་གནང་ནའང་ཆོག་པ་ཡིན་ཞེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་སོང་།

ཐེངས་འདིའི་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གཞན་ཡང་དཔེ་དེབ་དེའི་རྩོམ་པ་པོ་ Barbara Demick ལགས་ཀྱིས་བོད་སྒྱུར་དཔེ་དེབ་དེ་ལྟ་བུའི་བརྒྱུད་བོད་ཡིག་དཔེ་ཀློག་གནང་མཁན་མང་དག་ཅིག་ལ་བསྙབ་ཐུབ་རྒྱུའི་རེ་བ་ཡོད་སྐོར་བརྙན་ཐུང་བརྒྱུད་བཀའ་མོལ་གནང་ཡོད་པ་དང་། དབུ་འབྱེད་ཀྱི་མཛད་སྒོ་གོ་སྒྲིག་གནང་མཁན་བོད་མི་མང་སྤྱི་འཐུས་པདྨ་མ་འཚོ་ལགས་དང་། དཔེ་ཀློག་དོན་གཉེར་བ་སེར་སྐྱ་མང་དག་ཅིག་ནས་མཉམ་བཞུགས་གནང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org