སྐྱེ་རྒུ་མདོའི་ས་ཡོམ་བརྒྱབ་ནས་ཟླ་གཅིག་རྗེས་ཀྱི་གནས་སྟངས།
ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དུ་འཛུགས་སྐྲུན་སླར་གསོའི་ལས་གཞི་སྤེལ་བའི་ནང་ས་གནས་ཀྱི་སྐྱེ་དངོས་གནས་སྟངས་ལ་སྲུང་སྐྱོབ་བྱེད་རྒྱུ།
-
2010-05-10 -
-
-
༄༅༎ག་སྐྱེ་རྒུ་མདོ་ས་གནས་ནང་ས་ཡོམ་གྱི་གོད་ཆགས་བྱུང་ནས་ཟླ་བ་གཅིག་ཟིན་གྲབས་ཡོད་པ་དང་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དུ་ ས་གནས་མི་མང་ཚོས་གད་སྙིགས་དང་ དུད་འགྲོ་ཤི་རོ་སོགས་དབོར་འདྲེན་བྱེད་མུས་ཡིན་ཞིང་ ས་གནས་དཔོན་རིགས་ནས་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་སླར་གསོའི་ལས་གཞི་མགྱོགས་མྱུར་སྤེལ་རྒྱུ་ཡིན་ལུགས་དང་ འཛུགས་སྐྲུན་སླར་གསོའི་ལས་གཞི་སྤེལ་བའི་ནང་ ས་གནས་ཀྱི་སྐྱེ་དངོས་གནས་སྟངས་ལ་སྲུང་སྐྱོབ་གཙོ་བོར་འཛིན་ནས་འཛུགས་སྐྲུན་སླར་གསོའི་ལས་གཞི་སྤེལ་རྒྱུའི་སྐོར་འགྲེལ་བརྗོད་བྱས་པ་དང་ ཕྱོགས་མཚུངས་སྐྱེ་རྒུ་མདོ་ས་གནས་དེ་བཞིན་རྒྱ་ནག་གི་གཙང་ཆུ་གཙོ་བོ་གསུམ་གྱི་ཆུ་འགོ་ཡིན་པ་དང་ ས་གནས་འཁོར་ཡུག་སྲུང་སྐྱོབ་ལས་ཁང་གི་འགོ་ཁྲིད་རིན་ཆེན་གྱིས་ད་རེས་ས་ཡོམ་གྱི་གོད་ཆགས་བྱུང་བའི་སྐབས་གཙང་ཆུ་གསུམ་པོའི་ཆུ་འགོར་གནོད་སྐྱོན་ཕོག་མེད་པ་དང་ ས་གནས་དུད་འགྲོ་རིམས་ནད་སྔོན་འགོག་ཚན་པས་ས་ཡོམ་གྱི་གོད་ཆགས་བྱུང་བ་ནས་བཟུང་གོད་ཆགས་ཕོག་ཡུལ་དུ་སྦག་བཙོག་གིས་འཐུང་ཆུ་དང་གཙང་ཆུ་ཆེ་ཁག་གསུམ་གྱི་ཆུ་འགོར་གནོད་སྐྱོན་ཕོག་མིན་བལྟ་ཞིབ་བྱེད་མུས་ཡིན་པའི་སྐོར་བརྗོད་འདུག
ས་གནས་དཔོན་རིགས་དེས་མུ་མཐུད་བརྗོད་པར་གཞིགས་ན་ ས་གནས་གཞུང་གིས་བོད་མི་དང་རྒྱ་མི་ཁྱོན་མི་གྲངས་ཁྲི་གཉིས་ལྷག་ཙམ་ས་གནས་མི་མང་ཚོའི་ཁྲོད་དུད་འགྲོ་ཤི་རོའི་གྲངས་འབོར་ཐོ་གཞུང་བསྡུ་ལེན་བྱེད་མིར་སྐྱལ་དགོས་པའི་འབོད་སྐུལ་གྱི་སྦྱར་ཡིག་གང་སར་སྦྱར་ནས་དྲིལ་བསྒྲགས་བྱས་ཡོད་པ་དང་ ཕྱི་ཟླ་བཞི་་པའི་ཚེས་༣༠བར་དུད་འགྲོ་ལུག་དང་ཁྱི་ རྟ་སོགས་ཤི་རོ་ཁྱོན་གྲངས་འབོར་ཁྲི་ཞི་དང་གསུམ་སྟོང་ལྷག་ས་གནས་སྐྱེ་དངོས་གནས་སྟངས་ལ་གནོད་ཚབས་མེད་པའི་འོག་གཙང་མ་བཟོས་ལུགས་འགྲེལ་བརྗོད་བྱས་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག