བོད་ཕྲུག་བརྒྱད་ལ་ཁྲིམས་བཅད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་བརྒྱད་ལ་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་འདུག
-
2013-04-17 -
-
-
༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན། སྔ་ལོ་ཕྱི་ཟླ་༡༡ཚེས་༢༦ཉིན་བོད་མདོ་སྨད་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་ས་ཁུལ་ཆབ་ཆ་གྲོང་རྡལ་དུ་ཁུལ་དེའི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་སྟོང་ཕྲག་བརྒལ་བས་འཕྲེད་དར་འཕྱར་ཏེ་སྐད་འབོད་ཁྲོམ་སྐོར་གནང་སྟེ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གནང་བའི་རྗེས། རྒྱ་གཞུང་ཉེན་རྟོགས་པས་སྔ་ཕྱིར་སློབ་ཕྲུག་མང་པོ་བཙན་ཁྲིད་ཀྱིས་བཅར་རྡུང་འདྲི་རྩད་དང་འཇུ་བཟུང་བཀག་ཉར་བྱས་ཡོད་པ་ལྟར། ཉེ་ཆར་ཕྱི་ཚེས་༡༠ཉིན་སློབ་ཕྲུག་བརྒྱད་ལ་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་འདུག
ཕྱོགས་མཚུངས་དེ་རིང་ཕྱི་ཚེས་༡༧ཉིན་ཀྲུང་གོའི་བོད་ཀྱི་དྲ་བ་ཟེར་བས་གནས་ཚུལ་ཞིག་སྤེལ་ཡོད་པའི་ནང༌། ཕྱི་ཟླ་༤ཚེས་༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པའི་ཐོག། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་ཁྲིམས་ཁང་གིས་ ༡༡། ༢༦མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཕྲུག་གིས་ངོ་རྒོལ་ཁྲོམ་སྐོར་གྱི་གྱོད་དོན་ལ་འདྲི་རྩད་བྱས་ཏེ། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སྲོབ་ཕྲུག་སངས་རྒྱས་འབུམ་ལ་ལོ་༤དུས་བཀག་བཙོན་འཇུག་དང༌། ཀུན་བཟང་འབུམ་དང་ལྟ་བརྟན། བྱམས་པ་ཚེ་རིང་གསུམ་ལ་ལོ་༢དང་ཕྱེད་ཀའི་རིང་དུས་བཀག་བཙོན་འཇུག དབང་རྒྱལ་ཚེ་རིང་དང་ཆོས་སྐྱོང་སྐྱབས་གཉིས་ལ་ལོ་༣དང་ཟླ་བ་༣རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གསལ་བསྒྲགས་བྱས་འདུག གོང་ཞུས་སློབ་ཕྲུག་༦མ་གཏོགས་སློབ་ཕྲུག་གཞན་གཉིས་ཀྱི་མིང་དང་ཁྲིམས་ཆད་ལོ་གྲངས་བཅས་གསལ་མེད་པ་རེད། དེ་སྔོན་གསར་ལམ་ཁག་ཏུ་ཐོན་པའི་སློབ་ཕྲུག་བརྒྱད་ཀྱི་མིང་གཞུང་གཞིར་བཟུང་ལྟར་ན། ཁྲིམས་ཆད་ལོ་གྲངས་མ་གསལ་བའི་སློབ་ཕྲུག་གཉིས་ནི་བཀྲ་ཤིས་ཀུན་བཟང་དང་རྡོ་ལ་ཚེ་རིང་གཉིས་ཡིན་ཚོད་འདུག།