སྐབས་བཅུ་བཞི་པའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས།
སྐབས་བཅུ་བཞི་པའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པ་བཞུགས་སྒར་དུ་དབུ་ཚུགས་གནང་ཡོད་པ་རེད།
-
2009-09-07 -
-
-
༄༅༎སྐབས་བཅུ་བཞི་པའི་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པ་འདི་རིང་ནས་བཞུགས་སྒར་རྡ་རམ་ས་ལར་དབུ་ཚུགས་གནང་ཡོད་པ་རེད།
དེ་རིང་ནས་བཟུང་ཚེས་བཅུ་དགུ་སྟེ་ཉིན་གྲངས་བཅུ་གཉིས་རིང་སྐོངས་འཚོགས་གནང་རྒྱུའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པ་དེ་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་སྐོངས་འཚོགས་གནང་ཡོད་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་གྲོས་ཚོགས་དབུ་ཚུགས་མཛད་སྒོའི་གསུངས་བཤད་ནང་ཚང་མར་འཚམས་འདྲི་གནང་བ་དང་འབྲེལ་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་རླུང་འཚུབ་དང་ཆུ་ཡིས་འཇིགས་པས་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་གསོལ་འདེབས་དང་རྨས་སྐྱོན་གོད་ཆགས་ཕོག་པ་ཚོར་མྱུང་དུ་དྲག་སྐྱེད་ཀྱི་ཚེ་ལྷག་དོན་ལྡན་ཡོང་བ་སོགས་ཀྱི་ཐད་ཐུགས་སྨོན་བཀྲིན་སྩལ་གནང་བར་གྲོས་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྤྱི་ནོར་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་ཡང་སྒོས་བོད་ནང་གི་བོད་མི་ཚོས་རང་སྲོག་བློས་བཏང་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་སྐུ་ངལ་སྐྱོན་དང་སྐྱོན་བཞིན་པར་བརྟེན་རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དེ་དག་ལའང་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་བརྗོད་དོན་ལྟར་ན་ཐེངས་འདིའི་ཚོགས་དུས་སུ་གཙོ་བོ་བཙན་བྱོལ་བོད་གཞུང་གི་ལས་དོན་སྙན་ཞུའི་གྲོས་ཞིབ་དང་དེ་བཞིན་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་གསུམ་པ་ནས་དགུ་པའི་བར་སྤྱི་འཐུས་རྣམ་པ་ཆ་བགོས་ཀྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཕེབས་ནས་མི་མང་གི་འཚོ་བ་དང་སློབ་གསོ་ འཕྲོད་བསྟེན་སོགས་ཀྱི་ཐད་རྟོག་ཞིབ་གནང་བ་ཁག་སྙན་ཞུ་གནང་རྒྱུ་མ་ཟད་དེའི་ཐད་གྲོས་མོལ་གནང་རྒྱུ་ཡིན་པ་བཅས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་འདུག ཚོགས་ཐོག་ཏུ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་གཙོ་བོར་གྱུར་བའི་སྤྱི་འཐུས་རྣམ་པ་དང་བཙན་བྱོལ་བོད་གཞུང་བཀའ་ཁྲི་དང་བཀའ་བློན་རྣམ་པ་ ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་ལས་བྱེད་ གསར་འགོད་པ་སོགས་རིམ་པ་མཉམ་ཞུགས་གནང་ཡོད་པ་རེད།