རྒྱ་གར་གྱི་ཨའ་རུ་ན་ཅལ་ཁུལ་ནས་རྒྱ་ནག་གི་སོ་པ་འཛིན་བཟུང༌།

རྒྱ་གར་གྱི་ཨའ་རུ་ན་ཅལ་མངའ་སྡེའི་ལོའོ་ཧིཏ་རྗོང་ནང་ཉེ་ཆར་ཚེས་༡༨ཉིན་རྒྱ་ནག་གི་སོ་པ་ཞིག་འཛིན་བཟུང་བྱུང་པའི་གནས་ཚུལ་འདུག

༄༅༎རྒྱ་གར་གྱི་ཨའ་རུ་ན་ཅལ་མངའ་སྡེའི་ལོའོ་ཧིཏ་རྗོང་ནང་ཉེ་ཆར་ཚེས་༡༨ཉིན་རྒྱ་ནག་གི་སོ་པ་ཞིག་འཛིན་བཟུང་བྱུང་པའི་རྗེས་  མངའ་སྡེ་དེའི་ནང་རྒྱ་ནག་གཙོས་པའི་ཡུལ་གྲུ་གཞན་གྱི་སོ་པ་མང་པོ་འགྲེམས་འཇོག་བྱས་ཡོད་པའི་དོགས་གཞི་ར་སྤྲོད་བྱུང་སྐོར་ཀྲེ་ལི་གེ་རེཕ་ཞེས་པའི་རྒྱ་གར་གྱི་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད་༎

དེ་ཡང་ཀྲེ་ལི་གེ་རེཕ་གསར་ཤོག་གིས་མིང་འདོན་གནང་འདོད་མེད་པའི་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་མཐོ་རིམ་མི་སྣ་ཞིག་གིས་བརྗོད་པའི་གནས་ཚུལ་ལུང་འདྲེན་བྱས་པར་གཞིགས་ན་ ཨའ་རུ་ན་ཅལ་མངའ་སྡེའི་ནང་ཕྱི་ཕྱོགས་ནས་ཁུལ་དེའི་ནང་འཁོར་ཡུག་ལས་དོན་མི་སྣ་དང་སྤྱི་ཚོགས་ཞབས་ཞུའི་ལས་འཁུར་བ་ དེ་བཞིན་ཉམས་ཞིབ་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་ཡིན་ཚུལ་སོགས་ཀྱི་རྣམ་དཔྱོད་འདྲ་མིན་སྣ་ཚོགས་ཐོག་ནས་སོ་མྱུལ་གྱི་ལས་དོན་སྤེལ་གྱི་ཡོད་པ་རེད་ ཉེ་སྔོན་ཚེས་༡༨ཉིན་ལོ་ན་༢༨ཡིན་པ་ཀུའན་ལེང་ཟེར་བའི་རྒྱ་རིགས་སོ་པ་ཞིག་ལོ་ཧིཏ་རྗོང་གི་རྡི་ག་རུ་གྲོང་གསེབ་ནས་འཛིན་བཟུང་བྱས་པ་མ་ཟད་ཁོ་པ་རྒྱ་ནག་གི་སོ་པ་ཡིན་པའི་གནས་ཚུལ་ལ་ངོས་ལེན་དང་ར་སྤྲོད་བྱུང་པའི་རྗེས་ད་ཆ་ཁོ་པར་འདྲི་ཞིབ་ཀྱི་བརྒྱུད་ལམ་ཐོག་ནས་ཁུལ་དེིའི་ནང་རྒྱ་ནག་གི་སོ་མྱུལ་ལས་དོན་གྱི་ཁྱབ་ཚད་དང་སོ་པ་འགྲེམས་འཇོག་མང་ཉུང་སྐོར་གནས་ཚུལ་རིན་པས་ཤེས་རྟོགས་ཡོང་རྒྱུ་ཡིན་སྐོར་གོང་གསལ་རྒྱ་གར་གྱི་གསང་བའི་ལས་ཁང་གི་མཐོ་རིམ་མི་སྣ་དེས་འགྲེལ་བརྗོད་བྱས་འདུག ཨའ་རུ་ན་ཅལ་མངའ་སྡེའི་ནང་སྲིད་བློན་ཆེན་ཀྲི་ཀྲ་ལོའོ་གིས་ཀྱང་ཁུལ་དེའི་ནང་ཕྱི་ཕྱོགས་ནས་སོ་མྱུལ་གྱི་ལས་དོན་སྤེལ་མཁན་ཡོད་པའི་གནས་ཚུལ་ལ་ངོས་ལེན་བྱས་འདུག་ཀྱང་ཞིབ་ཕྲའི་འགྲེལ་བརྗོད་བྱས་མིན་འདུག རྒྱ་གར་བྱང་ཤར་ཁུལ་གྱི་ཨའ་རུ་ན་ཅལ་མངའ་སྡེ་དེ་བཞིན་བོད་དང་རྒྱང་ཚད་ཀི་ལོ་མོ་ཊར་༡༠༠༠ལྷག་གི་ས་འབྲེལ་ས་མཚམས་འཁེལ་གྱི་ཡོད་པ་མ་ཟད་ ལྷོ་ཨེ་ཤི་ཡའི་ཡུལ་གྲུ་འབར་མ་དང་འབྲུག་གཉིས་དང་ཀི་ལོ་མི་ཊར་བརྒྱ་ཕྲག་ལྷག་གི་ས་འབྲེལ་ས་མཚམས་ཡོད་པར་སོང་ཁུལ་དེའི་ནང་ཕྱི་ཕྱོགས་ནས་གསང་མྱུལ་གྱི་ལས་དོན་སྤེལ་བའི་གནས་ཚུལ་སྔ་རྗེས་ཡོད་པ་རེད་ གནས་ཚུལ་ནང་བཀོད་པར་གཞིགས་ན་ ༡༩༩༩ལོར་ལོའོ་ཧིཏ་རྗོང་གི་ནམ་སའེ་ས་ཁུལ་ནས་རྒྱ་རིགས་སོ་པ་ཞིག་འཛིན་བཟུང་བྱས་པ་དང་ དེ་བཞིན་ཡང་ཁུལ་དེའི་ནང་གཞུང་འབྲེལ་མ་ཡིན་པའི་འཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་བདེ་དོན་སྒྲིགས་འཛུགས་ཀྱི་ལས་བྱེད་པའི་མིང་ཐོག་ནས་ཨ་རི་བ་དང་དབྱིན་ཇི་དེ་བཞིན་བོད་རིགས་མི་སྣ་བཅས་གསང་མྱུལ་གྱི་ལས་དོན་སྤེལ་བའི་དོགས་གཞིའི་གནས་ཚུལ་ལ་རྐྱེན་པས་མངའ་སྡེ་ནས་ཕྱིར་འབུད་བཏང་བ་དང་སླར་ཡང་འཛུལ་ཞུག་མི་ཆོག་པའི་དམ་བསྒྲགས་བཀའ་རྒྱ་བཏང་བའི་གནས་ཚུལ་རིམ་པ་བྱུང་ཡོད་པར་གསལ་འདོན་བྱས་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org