ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་གློག་སྒུལ་མོ་ཀྲ་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་རྒྱ་ནག་གི་གློག་སྒུལ་མོ་ཀྲ་ལ་ཡོ་སྒོར་ཐེར་འབུམ་དུ་མའི་སྒོ་ཁྲལ་སྤར་རྒྱུ་ཡིན་པ་བརྗོད་འདུག
- 2024-06-12
-
-
-
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་འདི་ཚེས་༡༢གཟའ་ལྷག་པའི་ཉིན་མོ་ཀྲ་བཟོ་ཚོང་ཁང་དག་ལ་ཟླ་རྗེས་མ་ནས་རྒྱ་ནག་ནས་ནང་འདྲེན་བྱས་པའི་རྒྱ་ནག་གི་གློག་སྒུལ་མོ་ཀྲ་ལ་སྒོ་ཁྲལ་བརྒྱ་ཆ་༢༥་བར་སྤར་རྒྱུ་ཡིན་པའི་བརྡ་ཁྱབ་གཏོང་རྒྱུ་ཡིན་པ་རེད་ཅེས་རྒྱལ་སྤྱིའི་གསར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཐག་གཅོད་དེ་ནི། རྒྱ་ནག་གཞུང་གིས་གློག་གི་མོ་ཀྲ་བཟོ་ཚོང་ཁང་དག་ལ་རྒྱབ་སྐྱོར་ཚད་ལས་བརྒལ་བ་བྱས་རྐྱེན་རིན་གོང་ཁེ་པོ་ཆགས་ཀྱི་སྟབས། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཕྱོགས་ནས་རྒྱ་ནག་ལ་རམ་འདེགས་མང་དྲགས་བའི་རྐྱེན་གྱི་གུན་གསབ་དུ་སྒོ་ཁྲལ་དེ་འདྲ་སྤར་རྒྱུ་གཏན་འབེབས་བྱེད་དགོས་བྱུང་ཡོད་པ་བརྗོད་ཀྱི་ཡོད་སྐོར་གསལ་འདུག
དེའི་སྔོན་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་གློག་གི་མོ་ཀྲ་ལ་སྒོ་ཁྲལ་ལྡབ་བཞི་ནས་བརྒྱ་ཆ་༡༠༠་སྤར་རྒྱུ་ཡིན་པ་གཏན་འཁེལ་ནས་ཟླ་ངོ་གཅིག་ལས་སོང་མེད་པ་དང་། ད་ཆ་ཡོ་རོབ་ཕྱོགས་ནས་(BYD)་དང་། (Geely)་ལྟ་བུ་རྒྱ་ནག་གིས་བཟོས་པའི་གློག་སྒུལ་མོ་ཀྲ་དག་དང་། དེ་བཞིན་(Tesla)་གློག་སྒུལ་མོ་ཀྲ་ལྟ་བུ་ནུབ་ཕྱོགས་པས་བཟོ་བསྐྲུན་བྱས་བའི་མོ་ཀྲ་དེ་ཚོ་ལ་ནང་འདྲེན་གྱི་སྒོ་ཁྲལ་ཧ་ཅང་ཉུང་དྲགས་པ་ཞིག་ཡིན་འདུག་པ་དང་། དེ་འདྲའི་ཐག་གཅོད་གཏན་འབེབས་བྱེད་དགོས་དོན་ནི། ཡོ་རོབ་ཀྱི་མོ་ཀྲ་བཟོ་བསྐྲུན་བྱེད་མཁན་ཚོའི་འགྲན་ཡ་རྒྱ་ནག་ནས་བཟོ་བསྐྲུན་བྱས་པའི་ཆེས་རིན་གོང་དམའ་བའི་གློག་སྒུལ་མོ་ཀྲ་འབོར་ཆེན་ཐོན་བཞིན་ཡོད་པར་གདོང་ལེན་བྱེད་དགོས་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་ལ་བརྟེན་ནས་ཡིན་འདུག་པ་དང་། རྒྱ་ནག་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རམ་འདེམས་ལ་བརྟེན་ནས་གདོང་ལེན་དགོས་པའི་བཤད་ཚུལ་ལ་སྐྱོན་བརྗོད་དང་། ཡོ་རོབ་ནང་གི་རྒྱལ་ཁབ་ཁག་ཅིག་ལ་ཞུ་གཏུག་དང་མཉམ་འབྲེལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། དེ་བཞིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Lin Jian)་གིས་གཟའ་ལྷག་པར་ཉིན། རྒྱ་ནག་གིས་ཀྱང་སྒོ་ཁྲལ་སྤར་དགོས་པའི་ཐག་གཅོད་དེ་འདྲ་ཡོང་སྲིད་པ་དེས་ཡོ་རོབ་རང་གི་ཁེ་ཕན་ལ་གནོད་པ་ཐེབས་ཀྱི་ཡོད་ཚུལ་དང་། དེ་བཞིན་དེ་ནི་ཡོ་རོབ་སྒྲིག་འཛུགས་རང་སོ་སོ་སྲུང་སྐྱོབ་བྱེད་སྟངས་ཀྱི་སྲོལ་ཡིན་པ་བཤད་ནས་སྐྱོན་བརྗོད་བྱས་འདུག
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།