ཇར་མ་ནིའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྐབས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག
བོད་མི་མང་གི་སྤྱི་འཐུས་གཉིས་ཀྱིས་ཇར་མ་ནིའི་རྒྱལ་ས་བྷར་ལེན་ནང་གྲོས་ཚོགས་འཐུས་མི་དབུས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་བོད་དོན་ཞུ་སྐུལ་གནང་འདུག
- 2024-11-08
-
-
-
Your browser doesn’t support HTML5 audio
བོད་མི་མང་གི་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཀྱིས་འདི་ཟླའི་ཚེས་༢་ནས་༦་བར་ཇར་མ་ནིའི་རྒྱལ་ས་བྷར་ལེན་ནང་གྲོས་ཚོགས་འཐུས་མི་དབུས་པའི་གནད་ཡོད་མི་སྣ་སོགས་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་ཀྱི་ལས་རིམ་ཁག་གྲུབ་ཟིན་པའི་རྗེས་སུ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་འབྱོར་བྱུང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཕྱི་ཚེས་༧་འཁོད་པའི་གནས་ཚུལ་སྤེལ་དོན་ལྟར་ན་འདི་ཟླའི་ཚེས་༦་ཉིན་སྟེ་ཇར་མ་ནིའི་ནང་བོད་དོན་ཞུ་སྐུལ་གྱི་ཉིན་མཐའ་མར་ཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Michael Brand ཡིས་གོ་སྒྲིག་གནང་ཐོག་གོང་ཞུས་སྤྱི་འཐུས་རྣམ་གཉིས་ཀྱིས་ཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཇར་མ་ནི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་Michael Brand དང་གྲོས་ཚོགས་འཐུས་མི་དང་FDPཞེས་པའི་སྲིད་དོན་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་དང་རོགས་སྐྱོར་ཐད་ཀྱི་མགྲིན་ཚབ་པ་Peter Heidt སོགས་ལ་མཇལ་འཕྲད་གནང་འདུག སྐབས་དེར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ནས་བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་བཙན་ཤེད་ཀྱིས་རྒྱ་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲ་ཁག་ནང་སློབ་འཇུག་བྱེད་དུ་བཅུག་བཞིན་ཡོད་པ་དང་སྒེར་གཉེར་བོད་ཡིག་སློབ་གྲྭ་དང་། དགོན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་ཆུ་མཛོད་ཁང་ཆེན་པོ་གསར་རྒྱག་ཆེད་ཉེ་འཁོར་བོད་ཀྱི་དགོན་པ་ཁག་གཏོར་བཤིད་དང་ས་གནས་བོད་མི་རྣམས་བཙན་ཤེད་གྱིས་གནས་སྤོས་བྱེད་དུ་བཅུག་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་འདུག རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ཏེ་དེའི་ནང་བོད་པའི་ཕྲུ་གུ་ཚོ་བཙན་ཤེད་ཀྱིས་སློབ་འཇུག་དང་། མི་རིགས་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་བཞིན་ཡོད་པའི་སཐརིད་ཇུས་ལ་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོདཔ་རེད། རྒྱ་ནག་གཞུང་ངོས་ནས་སྔ་ཕྱི་བར་གསུམ་དུ་༸གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་ཀྱི་དབང་ཚད་རྒྱ་ནག་ལ་ཡོད་པའི་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ། རྒྱལ་སྤྱིའི་ནང་༸གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་ཀྱི་དབང་ཚད་རྒྱ་ནག་གཞུང་ལ་ཡོད་སྐོར་དང་། བོད་ནང་གི་བོད་མི་ཚོར་བཙན་ཐབས་ཀྱིས་ངོས་ལེན་དགོས་ཐབས་ཀྱི་ལས་དོན་འདྲ་མིན་སྤེལ་བཞིན་ཡོད་པ་རེད།
ཡང་བོད་མི་མང་གི་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཐོག་རྒྱ་ནག་གཞུང་གིས་ནང་ཇུས་བཏོན་དང་འདོན་བཞིན་པ་དེར་ཇར་མན་གཞུང་དང་གྲོས་ཚོགས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཡོངས་རྫོགས་་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ཁོ་ན་ལ་མ་གཏོགས་གཞན་སུ་ལ་ཡང་ཐག་གཅོད་ཞུ་རྒྱུའི་དབང་ཆ་མེད་པའི་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་ཞུས་པར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེར་མོས་མཐུན་རྒྱབ་སྐྱོར་ཡོད་སྐོར་གསུངས་འདུག ཡང་སྤྱི་འཐུས་རྣམ་གཉིས་ནས་ཇར་མན་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་ཕེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་རྒྱུ་གལ་ཆེ་ཡིན་སྐོར་ཞུས་པར་གྲོས་ཚོགས་འཐུས་མི་གཅིག་གི་ལོ་རྗེས་མའི་ནང་བཞུགས་སྒར་རྡ་རམ་ས་ལར་ཕེབས་འཆར་ཡོད་སྐོར་བཀའ་ལན་གནང་འདུག དེ་ནས་ཇར་མན་གྲོས་ཚོགས་ཀྱི་ལས་བྱེད་པས་སྤྱི་འཐུས་རྣམ་གཉིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ལ་འཁྲིད་གནང་བའི་རྗེས་སུ་ཐེངས་འདིའི་ཇར་མན་ནང་གཞུང་འབྲེལ་བོད་དོན་ཞུ་སྐུལ་གྱི་ལས་འཆར་ཁག་གྲུབ་ནས་སྤྱི་འཐུས་རྣམ་གཉིས་་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་གནང་ཕྱིར་ཆེད་ཕེབས་གནང་ཡོད་པ་འདུག
གསར་འགོད་པ། བསོད་ནམས་སེངྒ་རི།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།