ནེལ་སོན་མན་ཌེ་ལ་མཆོག་སྨན་ཁང་དུ་ཕེབས་དགོས་བྱུང་བ།
ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ནེལ་སོན་མཱན་ཌེ་ལ་མཆོག་གསོལ་གྲོད་བདེ་མིན་བྱུང་སྟེ་སྨན་ཁང་དུ་ཕེབས་དགོས་བྱུང་བ།
-
2012-02-25 -
-
-
༄༅༎དགུང་གྲངས་ ༩༣ ལ་ཕེབས་པའི་ལྷོ་ཨཕྷ་རི་ཀའི་སྲིད་འཛིན་ཟུར་པ་ ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་སྐུ་ཞབས་ ནེལ་སོན་མཱན་ཌེ་ལ་མཆོག་གཟའ་སྤེན་པའི་ཉིན་གསོལ་གྲོད་བདེ་མིན་བྱུང་སྟེ་སྨན་ཁང་དུ་ཕེབས་དགོས་བྱུང་སྟེ། ད་ལྟ་སྨན་ཁང་དུ་བཞུགས་ཡོད་འདུག་ ཀྱང༌ཛ་དྲག་རང་བཞིན་ཅན་གང་ཡང་མིན་པ་ལྷོ་ཨཕྷ་རི་ཀའི་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག
དབྱིན་ཇིའི་སྦི་སྦི་སི་གསར་ལས་ཁང་གིས་ སྐུ་ཞབས་ནེལ་སོན་མཱན་ཌེ་ལ་མཆོག་གི་རྒྱུད་ལྷག་གི་བསྙུན་བཟུག་ཤུགས་ཆེ་བྱུང་སྟེ་སྨན་པ་ཚོས་བཤགས་བཅོས་ཞུས་ཡོད་པའི་གནས་ཚུལ་སྤེལ་འདུག་ན་ཡང་། ལྷོ་ཨཕྷ་རི་ཀའི་གཞུང་གིས་སྐུ་ཞབས་ མཱན་ཌེ་ལའི་སྐུ་གཟུགས་ཀྱི་གནས་བབས་ཀྱི་གནས་ཚུལ་ཧ་ཅང་གསང་རྒྱ་དམ་པོ་བྱེད་བཞིན་པ་དང༌། བཤགས་བཅོས་ཞུ་དགོས་བྱུང་མེད་ལུགས་བརྗོད་བཞིན་ཡོད་པ་རེད།
སྐུ་ཞབས་ནེལ་སོན་མཱན་ཌེ་ལར་ལྷོ་ཨཕྷ་རི་ཀའི་མི་དམངས་ཀྱིས་གུས་བརྩི་དང་དགའ་མོས་ཧ་ལས་པའི་ཆེན་པོ་ཞུ་བཞིན་ཡོད་སྟབས། ཁོང་སྐུ་ཁམས་བདེ་མིན་གྱི་གནས་ཚུལ་བྱུང་བར་མི་ཚོས་ཧ་ཅང་དངངས་ཚབས་ཆེན་པོ་བྱེད་བཞིན་ཡོད་འདུག།
ལྷོ་ཨཕྷ་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་མེཀ་མ་ཧ་རའཇ་གྱིས་སྒེར་གྱི་བརྙན་འཕྲིན་ལས་ཁང་ཨི་ཆེ་ནེལ་eChanel ལ་ སྐུ་ཞབས་ མཱན་ཌེ་ལ་གཟའ་སྤེན་པའི་སྔ་དྲོ་སྨན་ཁང་དུ་གདན་འདྲེན་ཞུ་དགོས་པ་བྱུང་ན་ཡང༌། ཁོང་གི་ཐུགས་སེམས་བག་ཕེབས་ལ་ད་ཆ་སྐུ་ཁམས་བདེ་ཐང་ཡོད་པ་བརྗོད་འདུག་ལ། ལྷོ་ཨཕྷ་རི་ཀའི་གཞུང་གིས་སྐུ་ཞབས་ མཱན་ཌེ་ལ་མཆོག་སྨན་ཁང་གང་དུ་ཡོད་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་དང༌། སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང༌། ང་ཚོས་ད་ལྟའི་དུས་ཚོད་འདི་ནི་སྐུ་ཞབས་མཱན་ཌེ་ལ་ཁོང་གི་ནང་མི་སྐུ་འཁོར་ཚོར་སྐུ་སྒེར་གྱི་དུས་ཚོད་དགོས་པ་ཞིག་ཡིན་པས་གསར་འགོད་པ་དང་མི་དམངས་ཚོས་དེ་དོན་བརྩི་བཀུར་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
སྐུ་ཞབས་ ནེལ་སོན་མཱན་ཌེ་ལ་མཆོག་ནི་ ལྷོ་ཨཕྷ་རི་ཀའི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལམ་ལུགས་ཐ་ཞེན་ཅན་དེ་མེད་པ་བཟོ་རྒྱུའི་འཐབ་རྩོད་པའི་འགོ་འཁྲིད་གཙོ་བོ་ཞིག་ཡིན་པ་དང༌། མི་རིགས་དཀར་པོས་དབང་བསྒྱུར་བྱས་པའི་ལྷོ་ཨཕྷ་རི་ཀའི་སྲིད་དབང་འོག་ལོ་ངོ་ ༢༧ རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཞིང༌། ཕྱི་ལོ་ ༡༩༩༠ ཐམ་པ་ལོའི་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་བཙོན་གྲོལ་ཐོབ་ཡོད་པ་རེད། ཕྱི་ལོ་ ༡༩༩༤ ལོར་ལྷོ་ཨཕྷ་རི་ཀའི་ནང་མང་གཙོའི་འོས་བསྡུ་ཐོག་མའི་སྐབས་ཁོང་ལ་སྲིད་འཛིན་དུ་འོས་འདེམས་ཞུས་ཏེ། ལྷོ་ཨཕྷ་རི་ཀའི་མི་རིགས་ནག་པོའི་སྲིད་འཛིན་དང་པོ་དེ་ཆགས་པ་དང༌། ཕྱི་ལོ་ ༡༩༩༣ ལོར་ཁོང་ལ་ནེ་བེལ་ཞི་བདེའི་བྱ་དགའ་ཕུལ་ཡོད་པ་རེད།།