སྐུ་ཚབ་གཉིས་དགོངས་ཞུའི་ཐད་ཆོས་རིག་བཀའ་བློན་གྱིས་གསལ་བཤད།

ཆོས་རིག་བཀའ་བློན་མཆོག་ནས་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་གསལ་བཤད་གནང་ཡོད་འདུག

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ནས་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ལྷོ་ཕྱོགས་ཁུལ་གྱི་མང་ཚོགས་ལ་གསལ་བཤད་གནང་ཡོད་འདུག

དེ་ཡང་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེལ་ཀོབ་བདེ་སྐྱིད་གླིང་སླར་གསོའི་ཁྱབ་ཁོངས་འབྲི་གུང་བཀའ་བརྒྱུད་དགོན་པའི་ནང་། འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་དང་། སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཉེ་ཆར་བོད་རྒྱ་ཞི་མོལ་གྱི་ཚོགས་ཆུང་གི་ལས་གནས་ནས་དགོངས་ཞུ་གནང་དགོས་པའི་སྐོར་གསལ་བཤད་གནང་བའི་ནང་། བཀའ་ཤག་ནས་ཁོང་རྣམ་གཉིས་དགོངས་པ་གནང་ཡོད་པ་བཅས་ཀྱི་མི་མང་ནང་སེམས་འཚབ་དང་། བློ་དོགས་ཡོང་སྲིད་པ་རེད། འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད། ལམ་དབུ་མ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ནས་མུ་མཐུད་ནས་ཕྱག་ལས་གནང་རྒྱུར་ཡང་འགྱུར་བ་མེད། ཁོང་རྣམ་གཉིས་ཀྱི་འགན་བཞེས་པའི་ཐོག་ནས་ད་བར་རྒྱ་ནག་མཉམ་གྲོས་མོལ་ཐེངས་དགུ་ཙམ་གནང་ཡོད་པ་རེད་ཅེས་གསུངས་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་ནས་མི་མང་གི་འོས་འདེམས་ཐོག་ཕེབས་པའི་འགོ་འཁྲིད་གནང་ནས་ད་བར་ཟླ་བ་བརྒྱད་དང་ཕྱེད་ཀ་ཙམ་འགྲོ་གི་ཡོད་པ་དུས་ཡུན་དེའི་རིང་། ཕྱག་ལས་གནང་བ་དེ་དག་ལ་འཐུས་ཤོར་དང་མ་འགྲིགས་པ་དེ་འདྲ་གང་ཡང་བྱུང་ཡོད་མ་རེད། ༧གོང་ས་མཆོག་གིས་ཐུགས་བློ་བདེ་པོ་དང་། སྤྲོ་པོ་ཡོང་བཞིན་ཡོད་པའི་སྐོར་བཀའ་གནང་ཡོད་ལུགས་སོགས་གསུངས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org