བོད་དུ་ཡུལ་བསྐོར་བར་བོད་ཀྱི་དུས་ཆེན་སོགས་ངོ་སྤྲོད་།
ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོེར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དགོན་པ་དང་འཛམ་གླིང་སྤྱི་བསངས་ཀྱི་དུས་ཆེན་ངོ་སྤྲོད།
-
2012-04-16 -
-
-
༄༅༎བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་Explore Tibet Team འམ་བོད་འཚོལ་ཞིབ་རུ་ཁག་ཅེས་པའི་འགྲིམ་འགྲུལ་ལས་ཁང་གིས་བོད་ནང་ཕེབས་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོེར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དགོན་པ་དང་ འཛམ་གླིང་སྤྱི་བསངས་ཀྱི་དུས་ཆེན་ངོ་སྤྲོད་གནང་རྒྱུ་ཡིན་པའི་གནས་ཚུལ་འདུག་། དེ་ཡང་འགྲིམ་འགྲུལ་ལས་ཁང་དེས་ ཕྱི་ནས་ཕེབས་པའི་སྐུ་མགྲོན་ཚོས་བོད་ནང་སྤྲོ་འཆམ་མ་གནང་གོང་བོད་ཀྱི་གནས་ཆེན་ཁག་དང་དུས་ཆེན་རྣམས་ཤེས་པ་བྱ་རྒྱུ་དེ་གལ་ཆེན་པོར་སོང་དུས་ཆེན་ངོ་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད་ལུགས་གསུང་བཞག།
དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དགོན་པ་ནི་ལྷ་ས་ནས་རིང་ཚད་སྤྱི་ལེ་མི་ཌར་༢༢༠ཙམ་ཀྱི་ས་ལ་ཆགས་ཡོད་པ་དང་ དགོན་པ་དེ་བཞིན་དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ མཁན་ཆེན་ཞི་བ་འཚོ་ སློབ་དཔོན་པད་མ་འབྱུང་གནས་གསུམ་གྱིས་བཞེངས་པ་ཞིག་ཡིན་པ་རེད། བསམ་ཡས་དགོན་པ་ཐོག་མར་བཞེངས་སྐབས་ནག་ཕྱོགས་ཀྱི་ལྷ་སྲིན་མང་པོས་བར་ཆད་དུ་མར་བཏང་བར་བརྟེན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ལྷ་སྲིན་རྣམས་བཏུལ་ཆེད་རྒྱ་གར་བྱང་ཕྱོགས་ནས་ སློབ་དཔོན་པད་མ་འབྱུང་གནས་འམ་གུ་རུ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་ལྷ་སྲིན་རྣམས་དམ་ལ་བཏག་གནང་མཛད་དེ་དཔལ་བསམ་ཡས་ མི་འགྱུར་ལྷུན་གྱིས་གྲུབ་པའི་དགོན་པ་རྟེན་དང་རྟེན་པར་བཅས་ལེགས་པར་གྲུབ་ཏེ་ བཟང་པོ་རྒྱལ་ ངན་པ་ཕམ་པའི་དུས་ཆེན་འཛམ་གླིང་སྤྱི་བསངས་ཞེས་པ་དེ་ལོ་ལྟར་བོད་ཟླ་༥་ཚེས་༡༥ཉིན་སྲུང་བརྩི་ཞུ་གི་ཡོད་ལུགས་བོད་འཚོལ་ཞིབ་རུ་ཁག་ཅེས་པའི་འགྲིམ་འགྲུལ་ལས་ཁང་དེས་གསུང་བཞག།