ས་ཡོམ་གྱི་གོད་ཆགས་ཕོག་པའི་ནང་མི་ནས་རྒྱ་གཞུང་ལ་རེ་བསྐུལ།
བོད་རིགས་ཁག་ཅིག་གིས་རྒྱ་ནག་གཞུང་ནས་༧གོང་ས་མཆོག་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་དུ་ཆིབས་བསྒྱུར་གདན་ཞུ་དགོས་ཞེས་ཡི་གེ་ཕུལ་བ།
-
2010-04-17 -
-
-
༄༅༎ཕྱི་ཟླ་༤པའི་ཚེས་༡༤ཉིན་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་སྒ་སྐྱེ་རྒུ་མདོ་ཁུལ་ས་ཡོམ་འགུལ་ཚད་ཤུགས་ཆེ་ཞིག་བརྒྱབ་པའི་གནས་ཚུལ་བྱུང་སྟེ་མི་ཤི་སྐྱོན་ཆགས་ཚབས་ཆེ་བྱུང་རྗེས་ས་གནས་བོད་རིགས་ཁག་ཅིག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་གྱི་ས་གནས་སུ་ཆིབས་བསྒྱུར་གདན་ཞུ་དགོས་སྐོར་རྒྱ་ནག་དབུས་གཞུང་གི་སྲིད་འཛིན་ཧུ་ཇིན་ཏའོ་དང་སྲིད་བློན་ལྦེན་ཇིཡ་བའོ་རྣམ་གཉིས་ཀྱི་མཚན་ཐོག་ཡོངས་ཁྱབ་ཀྱི་ཡི་གེ་ཞིག་ཕུལ་ཡོད་འདུག།
རྒྱ་སྐད་དུ་ཡུ་ཤུལ་རྫོང་ནང་གི་བོད་རིགས་ཚོས་བྲིས་པའི་ཡི་གེ་དེ་རྒྱ་སྐད་དྲ་ཡིག་boxun.comཞེས་པ་དེའི་ཐོག་བཀོད་སྤེལ་བྱས་ཡོད་འདུག་ཅིང་ དེའི་ནང་རྒྱ་ནག་གི་དབུ་འཁྲིད་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་དབར་གྱི་ཆབ་སྲིད་ཀྱི་གནད་དོན་ཁག་ཟུར་འཇོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་རྣམས་ཀྱི་ཆེད་ཐུགས་སྨོན་གསོལ་འདེབས་གནང་ཆེད་གདན་ཞུ་དགོས་པའི་འབོད་བསྐུལ་ཞུས་ཡོད་པ་དང་ ད་དུང་ཡི་གེ་དེའི་ནང་ས་ཡོམ་གྱི་གོད་ཆགས་ཕོག་ཡུལ་གྱི་ས་ཁུལ་དེའི་ངལ་སེལ་གྱི་ཆེད་དམག་མི་ཆེད་གཏོང་དང་ དེ་མིན་རོགས་སྐྱོར་གྱི་ལས་དོན་ཆེས་ཕྲ་སྤེལ་བཞིན་པར་རྒྱ་ནག་གི་དབུ་འཁྲིད་ཚོར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་སྦྲགས་ ས་ཁུལ་དེའི་བོད་རིགས་མང་ཚོགས་ཀྱིས་དུས་རབས་མང་པོའི་སྔོན་ནས་ནང་ཆོས་དང་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མཆོག་ལ་དད་གུས་ཆེན་པོ་ཞུ་བཞིན་ཡོད་པ་ཡང་དངོས་ཡོད་ཀྱི་གནས་ཚུལ་ཡིན་སྟབས་ ད་རེས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་དང་ སྲིད་བློན་ལྦེན་ཇིཡ་བའོ་རྣམ་གཉིས་ནས་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་ཕོག་པའི་མི་རྣམས་ལ་སྙིང་རྗེས་གཟིགས་ཏེ་ ཁོང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ས་ཁུལ་འདིར་ཆིབས་བསྒྱུར་སྐྱོང་ཐུབ་པའི་རེ་བ་ཆེན་པོ་བྱེད་བཞིན་པ་དེ་སྐོང་ཐུབ་པ་ཞིག་གནང་སྐྱོང་ཅི་ནས་ཀྱང་ཡོང་བའི་རེ་བསྐུལ་ཞུ་གི་ཡོད་ཅེས་འཁོད་ཡོད་པ་རེད།