རྡ་སར་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཤག་ཅིག་ལ་མེ་སྐྱོན་བྱུང་བ།
བཞུགས་སྒར་གྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཤག་ཅིག་ལ་མེ་སྐྱོན་བྱུང་ཡོད་པའི་གནས་ཚུལ་འདུག
-
2009-01-26 -
-
-
༄༅༎བཞུགས་སྒར་གྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཤག་ཅིག་ལ་མེ་སྐྱོན་བྱུང་ཡོད་པའི་གནས་ཚུལ་འདུག
ཁ་ས་རེས་གཟའ་ཟླ་བའི་ཉིན་རྒྱབ་བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་ལྟེ་གནས་སུ་ཆགས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཤག་གི་ཆ་ཤས་ཤིག་ལ་གེ་སེ་འབར་གས་ཕྱིན་པའི་འོག་ལས་ཤག་གི་ཁང་མིག་གསུམ་ཙམ་མེ་སྐྱོན་བྱུང་ཡོད་པ་དང་ལྷག་པར་དུ་ལས་ཤག་དེའི་ནང་བཞུགས་མཁན་དགུང་གྲངས་༨༦ལ་ཕེབས་པའི་རྒན་སངས་རྒྱས་ཡེ་ཤེས་ལགས་ཀྱང་མེ་སྐྱོན་འོག་དགོངས་པ་རྫོགས་ཡོད་འདུག རྒན་སངས་རྒྱས་ཡེ་ཤེས་ལགས་དམ་པ་དེ་ནི་ལོ་ངོ་མང་པོའི་རིང་དཔེ་མཛོད་ཁང་གི་ལྷ་བྲིས་སྡེ་ཚན་གྱི་དགེ་རྒན་ཆེན་མོ་བའི་ཕྱག་ལས་གནང་ཡོད་ཀྱང་འདས་པའི་ལོ་ངོ་འགའ་ཤས་གོང་ལྷ་བྲིས་ཚན་པ་མཚམས་འཇོག་བྱས་པའི་རྗེས་སུ་རྒས་ཡོལ་དུ་བཞུགས་ཡོད་པ་རེད།
ཁ་ས་མེ་སྐྱོན་བྱུང་བའི་རྗེས་སུ་ས་གནས་མི་གསོད་རུ་ཁག་དང་ཉེན་རྟོག་པ་སོགས་སླེབས་ཡོད་ཀྱང་དེའི་བར་ཁང་མིག་འགའ་ཤས་མེས་བསྲེགས་ཕྱིན་ཡོད་པ་མ་ཟད་རྒན་སངས་རྒྱས་ཡེ་ཤེས་ལགས་ཀྱང་དགོངས་པ་རྫོགས་ཟིན་ཡོད་པ་རེད། མེ་སྐྱོན་གྱི་དོན་རྐྱེན་དེའི་གཟིགས་ཞིབ་ཆེད་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་དེ་བཞིན་ས་གནས་རྫོང་དཔོན་ལས་ཁུངས་ཀྱི་འབྲེལ་ཡོད་སོགས་ཀྱང་ཕེབས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག