རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ཉིན་དང་པོ་ལམ་ལྷོང་བྱུང་བ།
རེས་གཟའ་ཕུར་བུའི་ཉིན་གྱི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ལས་དོན་ཉིན་དང་པོ་དེ་ཡག་པོ་བྱུང་བའི་བསྔགས་བརྗོད་བྱས་ཡོད་པའི་གནས་ཚུལ།
-
2009-04-17 -
-
-
༄༅༎རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་མང་ཆེ་བས་རེས་གཟའ་ཕུར་བུའི་ཉིན་གྱི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ལས་དོན་ཉིན་དང་པོ་དེ་ཡག་པོ་བྱུང་བའི་བསྔགས་བརྗོད་བྱས་ཡོད་པ་དང་དེ་བཞིན་རྒྱ་གར་གྱི་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་ལས་རིམ་དང་པོ་དེ་ཆ་ཚང་བ་འདོད་བློ་ཁེངས་པ་བྱུང་བའི་སྐོར་གསུངས་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་ནི་རིང་མིན་ཕྱི་ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་འདོན་རྒྱུ་ཡིན་པ་དང་འོས་འདེམས་བྱུང་བའི་གྲོས་ཚོགས་ཀྱི་འཐུས་མི་གསར་པ་རྣམས་ཕྱི་ཟླ་དྲུག་པའི་ཚེས་གཉིས་ནང་ཚུད་ལས་དོན་འགོ་བཙུགས་གནང་རྒྱུ་ཡིན་ཞིང་རྒྱ་གར་གྱི་འོས་བསྡུའི་ལས་རིམ་དང་པོ་དེ་ནི་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་རེས་གཟའ་ཕུར་བུའི་ཉིན་མའོ་དམར་ཤོག་གི་ཤུགས་རྐྱེན་ཡོད་པའི་ས་ཁུལ་སྦི་ཧའར་མངའ་སྡེ་དང་ཆ་ཏིསི་གར།ཇར་ཀནཏ།ཨོ་རི་ས་བཅས་ནང་སྤེལ་བ་དང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་མང་ཆེ་བས་ས་ཁུལ་དེ་དག་ནང་འོས་བསྡུའི་ལས་དོན་སྤེལ་བའི་སྐབས་མའོ་གྱེན་ལོག་ཤོག་ཁག་གིས་འགོག་རྐྱེན་བཟོ་ཐབས་བྱས་ཡོད་ཀྱང་འོས་བསྡུའི་ལས་དོན་དེ་ནི་ལམ་ལྷོང་བྱུང་བར་ངོས་འཛིན་བྱས་ཡོད་པ་རེད། ད་རེས་ཀྱི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ལས་དོན་ནང་བཞུགས་མཁན་ཁྱོན་མི་དམངས་ས་ཡ་༧༡༤ཡོད་པ་དང་འོས་ཤོག་འཕེན་ཡུལ་བརྒྱ་འབུམ་ཉིས་ཁྲི་བརྒྱད་སྟོང་བརྒྱད་བཅུ་མེད་བཞི་དང་འོས་ཤོག་འཕེན་པའི་དུས་ཚོད་ནི་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་དང་ཉི་ཤུ་གསུམ།སུམ་ཅུ།ཕྱི་ཟླ་ལྔ་པའི་ཚེས་བདུན་དང་བཅུ་གསུམ་བཅས་ཡིན་པ་དང་འོས་བསྡུ་གྲངས་བཤེར་དུས་ཚོད་ཕྱི་ཟླ་ལྔ་པའི་ཚེས་བཅུ་དྲུག་ཉིན་ཡིན་པ་དང་སྲིད་བློན་གྱི་འོས་མིའི་ཁོངས་སུ་བཞེངས་མཁན་ད་ལྟའི་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་ཀོང་རེ་སི་ཚོགས་པ་ཡིན་པ་དང་དེ་བཞིན་ཕྱོགས་འགལ་སྦི་ཇེ་པི་ཚོགས་པའི་ངོས་ནས་སྐུ་ཞབས་ཨེལ་ཀེ་ཨརྡ་ལྦ་ནི་མཆོག་དང་དེ་ནས་མདུན་བསྐྱོད་ཤོག་ཁག་ཅེས་པའི་ཚོགས་པའི་ཁོངས་ནས་ལྕམ་མཱ་ཡ་ལྦ་ཏི་སོགས་ཡིན་པ་རེད།