བོད་ནང་གི་ཁྲོ་ཆུ་རྫོང་དུ་ཆར་ཞོད་རྐྱེན་གྱིས་ཆུ་ལོག་གནོད་སྐྱོན་ཤུགས་ཆེན་བྱུང་ཡོད་འདུག
རྒྱུ་ནོར་ལ་གྱོང་གུད་ཤུགས་ཆེན་ཐེབས་ཡོད་པ་མངོན་གསལ་ཡིན་ན་ཡང་། མི་ལ་ཤི་རྨས་བྱུང་མིན་གྱི་གནས་ཚུལ་གོ་ཐོས་མེད་པ།
- 2024-06-21
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༠ ཉིན་ཉིན་རྒྱབ་ཙམ་ལ་བོད་ནང་གི་རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་ཆར་ཞོད་རྐྱེན་གྱིས། གློ་བུར་ཆུ་ལོག་རྒྱུག་སྟེ་ཡུལ་མིའི་སྡོད་ཁང་གཏོར་བཤིག་དང་གཞུང་ལམ་ཆད་པ་དང་། རླངས་འཁོར་ཅ་དངོས་ཆུས་འཁུར་བ་སོགས་བྱས་ཡོད་པ་དང་། ད་ལྟའི་ཆར་ཆུ་ལོག་རྒྱུག་མཚམས་ཅུང་ཙམ་ཆད་ཡོད་ན་ཡང་། སྲང་ལམ་དང་སྡོད་ཁང་མང་པོ་ཞིག་ཆུ་དང་འདམ་རུད་ཀྱིས་ཁེངས་ཡོད་པ། རྒྱུ་ནོར་ལ་གྱོང་གུད་ཤུགས་ཆེན་ཐེབས་ཡོད་པ་མངོན་གསལ་ཡིན་ན་ཡང་། མི་ལ་ཤི་རྨས་བྱུང་མིན་གྱི་གནས་ཚུལ་གོ་ཐོས་མེད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ཐེངས་འདིར་ཆུ་ལོག་རྒྱུག་སའི་ས་ཁུལ་གཙོ་གྲས་དེ། རྡོ་ཁ་གྲོང་རྡལ་དང་མཁའ་ལུང་གྲོང་ཚོ་གཉིས་ནང་ཡིན་པ་དང་། གྲོང་རྡལ་དང་གྲོང་ཚོ་དེ་རིགས་ནང་གློག་ཆད་པ་དང་། ཡུལ་མིའི་སྡོད་ཁང་ཆུ་དང་འདམ་རུད་ཀྱིས་ཁེངས་པ་དང་། རླངས་འཁོར་དང་ཅ་དངོས་མང་པོ་ཉེ་འགྲམ་གཙང་བོའི་ནང་ཆུས་འཁྱེར་བ་སོགས། ཆུ་ལོག་ཧ་ཅང་ཉེན་ཁ་ཆེ་བ་ཞིག་བྱུང་སོང་ན་ཡང་། ཉེ་འགྲམ་ས་ཁུལ་དུ་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད་མེད་ཤེས་རྟོགས་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཡུལ་དེའི་ནང་ཆུ་ལོགས་བྱུང་སྟེ། སྲི་གཞུང་གི་རོགས་སྐྱོར་མི་སྣ་ཆེད་འཛུགས་ཀྱིས་བསླེབས་ཏེ། ཉེན་ཁ་ཆེ་བའི་ས་ཁུལ་གཅིག་ནས་མི་གྲངས་ ༤༠༠ ཙམ་གནས་སྤོར་བྱས་སྐོར་ལས། མི་རྒྱུ་གཉིས་ལ་གནོད་སྐྱོན་ག་འདྲ་ཐེབས་ཡོད་མིན་སོགས་ཀྱི་གནས་ཚུལ་གང་ཡང་མེད་པ་དང་། འབྲེལ་ཡོད་གཞན་དེས་སྤྱིར་རྒྱ་ནག་གཞུང་གིས་ནམ་རྒྱུན་རང་བྱུང་གནོད་འཚེ་རིགས་ཡོང་སྐབས། ཐོག་མར་གནོད་འཚེ་བྱུང་སྐབས་ཀྱི་གནས་ཚུལ་དེ་རིགས་དྲ་ལམ་ཁག་ཏུ་བཀག་འགོག་དང་། སྦས་གསང་ཤུགས་ཆེར་བྱེད་ཀྱི་ཡོད་སྟབས་ང་ཚོས་མཐའ་ན་རང་གི་ཉེ་འཁོར་གྱི་གནས་ཚུལ་ཤེས་རྟོགས་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
བོད་ནང་རྒྱ་ནག་གཞུང་གིས་ཁོར་ཡུག་གཏོར་སྐྱོན་རྐྱེན་གྱིས། ལོ་རེ་བཞིན་གནམ་གཤིས་དོ་མི་མཉམ་པ་དང་འབྱུང་ཁམས་ཀྱི་གནས་བབ་དོ་མི་མཉམ་པར་གྱུར་ཏེ་དྲག་ཆར་འབབ་པ་དང་རླུང་འཚུབ་གཡུག་པ། ཆུ་ལོག་རྒྱུག་པ། ས་ཡོམ་དང་ས་ཉུལ་རི་ཉུལ་གྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་པ་དང་། ལྷག་པར་དུ་རྔ་བ་ཁུལ་གྱི་ཁྲོ་ཆུ་དང་ཟུང་ཆུ་འབར་ཁམས། ཁྲི་ཚང་རྫོང་། དེ་བཞིན་དཀར་མཛེས་ཁུལ་རོང་བྲག་སོགས་བོད་ཀྱི་ཤར་རྒྱུད་ཀྱི་རྒྱ་བོད་ས་མཚམས་ཀྱི་རི་མཐོ་གཡང་གཟར་ཁག་ཏུ་ཡོད་སྟབས། ས་ཡོམ་དང་ཆུ་ལོག རི་ཉིལ་སོགས་ཀྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཁྲི་ཚང་རྫོང་ཁུལ་དུ་ས་ཡོམ་ཚད་རིམ་ ༧.༩ ཅན་ཞིག་བྱུང་སྟེ་མི་གྲངས་ ༨༧༠༠༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།