ཉག་ཆུ་རྫོང་དུ་ཆར་ཞོད་རྐྱེན་གྱིས་ཆུ་ལོག་འདམ་རུད་ཤུགས་ཆེན་བྱུང་འདུག
སྡོད་ཁང་དང་གཞུང་ལམ་སོགས་ཆུ་དང་འདམ་རུད་ཀྱིས་ཁེངས་ནས་གནོད་འཚེ་ཤུགས་ཆེན་བྱུང་ཡོད་ན་ཡང་། ཆུ་ལོག་འདམ་རུད་བྱུང་རྗེས་རྒྱ་ནག་གི་རོགས་སྐྱོར་མི་སྣ་དུས་ཐོག་ཏུ་རོགས་སྐྱོར་ཆེད་བསླེབས་མི་འདུག
- 2024-06-11
-
-
-
ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན། བོད་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དགེ་བཤེས་ལུང་པའི་ནང་ཆར་ཞོད་རྐྱེན་གྱིས་ཆུ་ལོག་དང་འདམ་རུད་བྱུང་སྟེ། ཉེ་འདབས་སུ་ཆགས་པའི་གྲོང་ཚོའི་ནང་གནོད་འཚེ་ཤུགས་ཆེན་ཐེབས་ཡོད་པ་དང་། སྡོད་ཁང་དང་གཞུང་ལམ་སོགས་ཆུ་དང་འདམ་རུད་ཀྱིས་ཁེངས་ནས་གནོད་འཚེ་ཤུགས་ཆེན་བྱུང་ཡོད་ན་ཡང་། ཆུ་ལོག་འདམ་རུད་བྱུང་རྗེས་རྒྱ་ནག་གི་རོགས་སྐྱོར་མི་སྣ་དུས་ཐོག་ཏུ་རོགས་སྐྱོར་ཆེད་བསླེབས་མེད་པ་དང་། ས་གནས་སུ་ཉེན་ཁ་ཡོད་སྐོར་ལ་ཁ་གཡར་ནས་མི་སྣ་གཏོང་གི་མེད་སྟབས། ད་ལྟའི་ཆར་མི་ལ་ཤི་རྨས་བྱུང་མིན་གྱི་གནས་ཚུལ་དང་། རྒྱུ་ནོར་གྲངས་འབོར་ག་ཚོད་ཙམ་ལ་གནོད་སྐྱོན་བྱུང་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ཆུ་ལོག་འདམ་རུད་བྱུང་སའི་ས་གནས་དེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དགོན་པ་ཡོད་སའི་ཉེ་འགྲམ་ལུང་གཞུང་ནས་བྱུང་ཡོད་པ་དང་། ཆུ་ལོག་འདམ་རུད་དེ་གློ་བུར་བྱུང་བ་ཞིག་ཆགས་ཀྱི་ཡོད་སྟབས། ་ས་གནས་དེར་མགྲོན་ཁང་དང་རླངས་འཁོར་སྣུམ་ཚིགས་ཡོད་པས། རླངས་འཁོར་ཆུས་འཁུར་ནས་ཉག་ཆུའི་ནང་དུ་དེད་པ་དང་། འདམ་རུད་འོག་ཤོར་བ་སོགས་བྱུང་ཡོད་སྐོར་བརྗོད་བྱུང་ལ། ཡང་བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གཅིག་ནས་ཕ་ཡུལ་དུ་ཆུ་ལོག་བྱུང་ཡོད་ན་ཡང་། གློག་དང་དྲ་རྒྱ་སོགས་མེད་པ་ཡིན་ནམ་འབྲེལ་བ་བྱེད་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
སྤྱིར་ཕྱི་ཟླ་ ༦ ནང་རྒྱ་ནག་གཞུང་འབྲེལ་ངོས་ནས་རྒྱ་ནག་གི་ས་ཁུལ་མང་པོའི་ནང་ཆར་ཞོད་རྐྱེན་གྱིས་ཆུ་ལོག་དང་། གཙང་བོ་ཁག་རྒྱས་ཏེ་ཆུ་ལོག་གི་ཉེན་ཁ་ཡོང་རྒྱུའི་བརྡ་ཐོ་ཞིག་སྤེལ་ཡོད་ན་ཡང་། ཐེངས་འདིར་ཉག་ཆུ་རྫོང་དུ་བྱུང་བའི་ཆུ་ལོག་འདམ་རུད་སྐོར་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ད་བར་མི་ལ་ཤི་རྨས་སོགས་དེ་འབྲེལ་གནས་ཚུལ་གང་ཡང་སྤེལ་མེད་པ་དང་། འབྲེལ་ཡོད་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཉག་ཆུ་རྫོང་དུ་བྱུང་བའི་ཆུ་ལོག་འདམ་རུད་སྐོར་གྱི་བརྙན་ཁག་ཅིག་མཁོ་སྤྲོད་གནང་བའི་ནང་། ས་གནས་དེའི་སྡོད་ཁང་དང་གཞུང་ལམ་སོགས་ཆུ་དང་འདམ་རུད་ཀྱིས་ཁེངས་པ་དང་། རླངས་འཁོར་ཅ་དངོས་མང་པོ་ཆུ་ལོག་གིས་ཉེ་འགྲམ་ཉག་ཆུ་གཙང་བོའི་ནང་འཁུར་ནས་འགྲོ་བཞིན་པ་མཐོང་རྒྱུ་ཡོད་པ་མ་ཟད། བུད་མེད་ཅིག་གིས་འཇིགས་སྣང་གིས་ངུ་སྐད་འདོན་བཞིན་པ་སོགས་གོ་ཐོས་འདུག་ལ། ཆུ་ལོག་འདམ་རུད་ཀྱིས་གཞུང་ལམ་བཀག་འགོག་ཐེབས་ཏེ་འགྲོ་སྐྱོད་མི་ཐུབ་པ་སོགས་བྱས་ཡོད་པ་མཐོང་རྒྱུ་འདུག
ཉག་ཆུ་རྫོང་ནི་རི་གཟར་ནགས་ཀླུང་དང་གཙང་བོའི་ཉེ་ཤར་ཆགས་ཡོད་སྟབས། ཆུ་ལོག་གཙོས་རང་བྱུང་གནོད་འཚེ་ཐེངས་མང་བྱུང་གི་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་ ༣ ནང་ཡུལ་དེའི་ནགས་ཚལ་ཁྲོད་མེ་སྐྱོན་ཤོར་སྟེ་ཡུལ་མིའི་སྡོད་ཁང་མང་པོ་འཚིག་པའི་གནས་སྟངས་བྱུང་ཡོད་པ་རེད་ལ། གཞན་ཡང་ཕྱི་ལོ་ ༢༠༡༡ ལོར་ཆུ་ལོག་འདམ་རུད་རྐྱེན་གྱིས་མང་ཚོགས་ཀྱི་ཁང་པ་དང་ས་ཞིང་བཅས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད་ལ། རྗེས་སུ་རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ནང་ཆུ་ལོག་འདམ་རུད་ཁྲོད་རྫོང་དེའི་གྲོང་ཚོ་ ༡༥ ཡི་མི་གྲངས་ ༢༣༠༠༠ ལྷག་ལ་གནོད་འཚེ་ཐེབས་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད། ཉག་ཆུ་རྫོང་ནི་བོད་ཀྱི་ས་ཁུལ་ཡིན་པ་གང་ཞིག་ལ་རྒྱ་ནག་གཞུང་འབྲེལ་གྱི་ཕྱི་ལོ་ ༢༠༢༠ ལོའི་མི་འབོར་ཞིབ་བཤེར་གྲངས་འབོར་ནང་། ས་གནས་དེར་མི་གྲངས་ཁྲི་ ༥ ལྷག་ཡོད་པ་ལས་མི་འབོར་བརྒྱ་ཆ་ ༩༥ བོད་རིགས་ཡིན་སྐོར་བཀོད་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།