རྒྱ་ནག་སི་ཁྲོན་ཁུལ་གྱི་ས་ཡོམ་བརྒྱབ་ནས་ལོ་གཅིག་འཁོར་བ།
ཕྱི་རྒྱལ་གསར་འགོད་པ་ཚོའི་ཐོག་རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་ངོ་ཚ་ཁ་སྐྱེངས་ཡོང་གཞིའི་གནས་ཚུལ་རིགས་ཕྱི་གྱར་མི་འབྱུང་ཆེད་དམ་བསྒྲཌ།
-
2009-05-12 -
-
-
༄༅༎རྒྱ་ནག་ནང་སྔ་ལོ་སི་ཁྲོན་ཁུལ་གྱི་ས་ཡོམ་གོད་ཆགས་ཚབས་ཆེ་བྱུང་སྟེ་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་དེར་ཕྱི་རྒྱལ་གྱི་གསར་འགོད་པ་ཚོའི་ཐོག་རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་ངོ་ཚ་ཁ་སྐྱེངས་ཡོང་གཞིའི་གནས་ཚུལ་རིགས་ཕྱི་གྱར་མི་འབྱུང་ཆེད་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
དཔེར་ན་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་འདས་པའི་གཟའ་འཁོར་འགའ་ཤས་རིང་ས་ཡོམ་རྒྱབ་ཡུལ་གྱི་ས་གནས་ཀྱི་ཡུལ་མི་དང་སློབ་གྲྭའི་ཁང་པ་བརྡིབས་སྐྱོན་ཕྱིན་པའི་འོག་འདས་གྲོངས་སུ་ཕྱིན་པའི་ཕྲུ་གུ་ཚོའི་ཕ་མ་ཚོར་བཅར་འདྲི་བྱ་ཐབས་བྱེད་སྐབས་ས་གནས་ཀྱི་དཔོན་རིགས་ཚོས་གསར་འགོད་པ་དེ་དག་ཕྱིར་འབུད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་ཚོགས་པར་ངོས་འཛིན་བྱེད་པའི་རྒྱ་ནག་ནང་གི་ཕྱི་རྒྱལ་གསར་འགོད་པའི་ལྷན་ཚོགས་ཀྱིས་ཕྱི་ཟླ་ལྔ་པའི་ཚེས་དྲུག་ཉིན་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་གནས་སྟངས་ཉིན་རེ་ཞིག་ཛ་དྲག་ཏུ་འགྲོ་བཞིན་པར་བརྟེན་གསར་འགོད་པ་ཚོས་དམིགས་བསལ་དོ་ནན་བྱེད་དགོས་པའི་སློབ་སྟོན་ཡང་བྱེད་དགོས་བྱུང་ཡོད་པ་རེད།
སྔ་ལོ་སི་ཁྲོན་ཞིང་ཆེན་ཁུལ་ས་ཡོམ་འགུལ་ཚད་གྲངས་བརྒྱད་བྱས་པ་ཞིག་བརྒྱབ་པ་དེའི་འོག་མི་གྲངས་སྟོང་ཕྲག་བརྒྱད་བཅུ་གྱ་བརྒྱད་ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་དང་དེའི་ཁོངས་ནས་གྲངས་ལྔ་སྟོང་གསུམ་བརྒྱ་སུམ་ཅུ་སོ་ལྔ་ཙམ་སློབ་ཕྲུག་ཡིན་པ་རེད། ས་ཁུལ་དེའི་ནང་མྱ་ངན་གྱིས་མནར་བའི་སློབ་ཕྲུག་མང་པོ་ཞིག་གི་ཕ་མ་ཚོས་སློབ་གྲྭའི་ཁང་པ་མང་པོ་ཞིག་བརྡིབས་སྐྱོན་བྱུང་བ་དེ་ནི་གཙོ་བོ་འགོ་འཁྲིད་ཚོས་ལྐོག་ཟ་བྱས་པའི་ཉེར་ལེན་ཡིན་པ་བརྗོད་བཞིན་ཡོད་པ་དང་ཕ་མ་དེ་དག་དང་ས་གནས་འགོ་འཁྲིད་དབར་གྱི་འཁོན་འཛིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
གནས་ཚུལ་འདི་དག་ལ་དཔྱད་ཞིབ་བྱ་མཁན་གྱི་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོ་ཞིག་གི་རྗེས་སུ་དྲག་ཆས་སྤྲས་པ་དང་མ་སྤྲས་པའི་ཉེན་རྟོག་པ་ཁྱོན་ཆེ་བཏང་པ་དང་ཁོང་ཚོའི་དཔར་ཆས་འཕྲོག་པ།ཁོང་ཚོའི་ཐོག་དྲག་ཐབས་སྤྱད་པ་སོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་བྱུང་ཡོད་པར་མ་ཟད་ཕེ་རན་སི་གསར་སྤེལ་ལས་ཁང་གིས་གསར་འགོད་པ་ཐེ་བའི་གསར་འགོད་པ་ཁག་ཅིག་སྔ་ལོ་ས་ཡོམ་རྒྱབ་ཡུལ་གྱི་ས་གནས་ཁག་ནས་ཕྱིར་འབུད་ཀྱང་བྱས་ཡོད་འདུག།