ཨ་རིའི་སྲིད་འཛིན་ཟུར་པའི་ལྕམ་ནས་༧གོང་ས་མཆོག་ལ་ཆེ་བསྟོད།

ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇོར་ཇི་སྦུཤ་མཆོག་གི་ལྕམ་ནས་རྩོམ་བྲིས་གནང་བའི་ཕྱག་དེབ་ནང་དུ་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་འདུག

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇོར་ཇི་སྦུཤ་མཆོག་གི་ལྕམ་ལོའོ་ར་སྦུཤ་ཡིས་རྩོམ་བྲིས་གནང་བའི་ཕྱག་དེབ་ནང་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གཤིས་དང་མཛད་ཇུས་ལ་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་རེད།

འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་༡༡ཉིན་བཏང་གནང་བའི་གནས་ཚུལ་ནང༌། ལྕམ་ལོའོ་ར་སྦུཤ་ཡིས་རྩོམ་བྲིས་གནང་བའི་ཁོང་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་Spoken from the heartཞེས་པ་དེ་ཟླ་བ་འདིའི་ནང་དུ་ཨ་མི་རི་ཀའི་ནང་འགྲེམས་སྤེལ་གནང་ཡོད་པ་དང༌། ཕྱག་དེབ་དེའི་ནང་དོན་ཁོངས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་མཛའ་བརྩེ་དང་ཡ་རབས་བཟང་སྤྱོད་དང་ཞི་དུལ་ཅན་གྱི་སྐྱེ་ཆེན་མི་སེམས་འགུལ་ཐུབ་མཁན་གྱི་དཔེ་མཚོན་ཁོ་ན་ཡིན་པའི་ཆེ་བསྟོད་ཞུས་ཡོད་པ་མ་ཟད།། ཁོང་གིས། ༸གོང་ས་ཏྰ་ལའི་བླ་མ་ནི་བོད་རང་དབང་གི་རེ་བའི་མཚོན་དོན་ཞིག་ཡིན་པ་དང༌། ཁོང་གི་སྐུ་ཟླ་སྲིད་འཛིན་ཟུར་པ་ཇོར་ཇི་སྦུཤ་ནས་ཀྱང་༸གོང་ས་ཏྰ་ལའི་བླ་མ་མཆོག་ལ་དམིགས་བསལ་ཨ་མི་རི་ཀའི་ཐོག་ནས་འགན་ཁྲི་ཞིག་ཡོད་པ་ཡིད་ཆེས་གནང་གི་ཡོད་པ་རེད་ཅེས་དང༌། འཛམ་གླིང་སྤྱི་ཚོགས་ཀྱིས་ཨ་མི་རི་ཀའི་གཞུང་གི་ལས་དོན་ལ་དམིགས་དཔེ་བལྟ་གི་ཡོད་པ་བཞིན་ང་ཚོ་ཨ་མི་རི་ཀའི་ངོས་ནས་རང་དབང་གི་ཆེད་དུ་རྒྱབ་སྐྱོར་མ་ཞུས་ན། སུས་ཞུ་ཡི་རེད་དམ་ཞེས་བྲིས་གནང་ཡོད་པ་རེད། ད་དུང་ཕྱག་དེབ་དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༠༥དང་དེ་རྗེས་ཕྱི་ལོ་༢༠༠༧ལོར་སྲིད་འཛིན་ཟུར་པ་ཇོར་ཇི་སྦུཤ་མཆོག་དང་ལྕམ་ལོའོ་ར་སྦུཤ་རྣམ་གཉིས་དང་མཇལ་འཕྲད་གནང་བའི་སྐོར་གྱི་གནས་ཚུལ་བྲིས་གནང་བའི་ནང༌། ཕྱི་ཟླ་༡༡པའི་ཚེས་༩ཉིན་ཕོ་བྲང་དཀར་པོའི་ནང་༸གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཐེངས་གཉིས་པའི་སྐབས། ༸གོང་ས་ཏྰ་ལའི་བླ་མ་ནི། མི་སེམས་སྐུལ་ཐུབ་མཁན་གྱི་ཐུགས་གཤིས་འཇམ་པ་དང༌། ཡ་རབས་བཟང་སྤྱོད་ལྡན་པ་། མཛའ་བརྩེའི་ཐུགས་གཤིས་ལྡན་པ་ཞིག་ཡིན་པ་མ་ཟད། སྐབས་དེར་ཁོང་གིས་ང་ཚོར་བོད་ཀྱི་གནས་སྟངས་ཐོག་ལ་དངོས་ཡོད་ཀྱི་ཐུགས་ཚབས་ཆེན་པོ་ཡོད་པ་དང༌། བོད་ཀྱི་ས་ཁུལ་ནང་དུ་རྒྱ་མི་རིགས་ཆེས་མང་པོ་གནས་སྤོ་བྱས་ཏེ་བོད་ཀྱི་རིག་གཞུང་རྩ་མེད་འགྲོ་རྒྱུའི་ཉེན་ཁ་གཟིགས་ཀྱི་ཡོད་པ་གསུངས་བྱུང་བ་དང༌། ཁོང་གི་སྐུ་ཟླ་སྲིད་འཛིན་ཟུར་པ་ཇོར་ཇི་སྦུཤ་མཆོག་ནས་ཀྱང་༸གོང་ས་ཏྰ་ལའི་བླ་མ་མཆོག་ལ་ཆེ་བསྟོད་དང་བརྩི་བཀུར་ཞུ་འོས་པ་ནི་ཨ་མི་རི་ཀར་དམིགས་བསལ་གྱི་འགན་འཁུར་ཡོད་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་གསུང་ཡོད་པ་རེད།  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org