མའོའོ་ཚོགས་པ་དང་ཆབ་སྲིད་ཚོགས་པ་གཞན་གྲོས་མོལ་བྱེད་བཞིན་པ།

བལ་ཡུལ་གྱི་མའོའི་ཚོགས་པས་ཆབ་སྲིད་ཚོགས་པ་གཞན་དང་མཉམ་དུ་གཞུང་འཛིན་མཉམ་བཟུང་བྱ་རྒྱུར་གྲོས་མོལ་བྱེད་བཞིན་ཡོད་པ་རེད།

༄༅༎མའོའི་ལྟ་གྲུབ་འཛིན་མཁན་ བལ་ཡུལ་གྱི་དམར་ཤོག་ཚོགས་པས་ བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་གཞན་དང་མཉམ་དུ་ གཞུང་འཛིན་མཉམ་བཟུང་བྱ་རྒྱུ་དང་ འདས་པའི་ལོ་མང་རིང་གྱེན་ལོག་དང་ ཆབ་སྲིད་ཀྱི་ཟང་ཟིང་འོག་ཏུ་ཚུད་པའི་བལ་ཡུལ་གྱི་རྒྱལ་ཁབ་དེའི་ནང་གཞི་རྒྱ་ཆེ་བའི་བཅོས་བསྒྱུར་གཏང་རྒྱུའི་འཆར་གཞི་ཡོད་ཅེས་ཁ་ས་གསལ་བསྒྲགས་བྱས་ཡོད་པ་རེད་

ཁ་སྔོན་ཕྱི་ཟླ་༤པའི་ནང་བལ་ཡུལ་ནང་རྩ་ཁྲིམས་གསར་པ་གཏན་འབེབས་བྱ་རྒྱུའི་གྲོས་ཚོགས་འོས་བསྡུ་བྱས་པའི་མཐའ་མའི་འབྲས་བུར་ མའོའི་ལྟ་གྲུབ་འཛིན་མཁན་བལ་ཡུལ་གྱི་དམར་ཤོག་ཚོགས་པར་འོས་ཤོག་རྒྱ་ཆེ་ཐོབ་ཀྱང་ བལ་ཡུལ་གྱི་གྲོས་ཚོགས་ནང་ཁྲིམས་ལུགས་གཞིར་བཟུང་གཞུང་འཛིན་བྱ་རྒྱུའི་འོས་བསྡུའི་གྲངས་ཚད་དམ་ བརྒྱ་ཆ་༦༧བརྒལ་བའི་རྐུབ་བསྟེགས་ཐོབ་མེད་པ་རེད་ བལ་ཡུལ་གྱི་གཞུང་འཛིན་ཐུབ་པའི་ཁྲིམས་མཐུན་མང་མོས་ཐོབ་ཐབས་སླད་དུ་ མའོའི་ཚོགས་པས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་གསུམ་པ་ བལ་ཡུལ་གྱི་དམར་ཤོག་ཚོགས་པ་དང་མཉམ་དུ་མནའ་འབྲེལ་སྲིད་གཞུང་འཛུགས་རྒྱུར་གྲོས་མོལ་བྱ་བཞིན་པ་ཡིན་ཞེས་དང་ ཉིན་ཤས་ནང་ཚུད་ལ་ཐག་གཅོད་བྱ་ཐུབ་པའི་རེ་བ་ཡོད་ཅེས་ མའོའི་ཚོགས་པའི་འགོ་ཁྲིད་མཐོ་གྲས་ རྡེལྦ་གུ་རུང་ ཞུ་བས་གསར་འགོད་པ་ཚོར་བརྗོད་ཡོད་པ་རེད་ སླད་ཕྱིན་སྲིད་བློན་ཟུར་པ་ གིར་ཇ་པཱར་སའརྡེ་ཀོའེ་རེ་ལཱ་མཆོག་གིས་འགོ་འདྲེན་གཙོ་སྐྱོང་གནང་བའི་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་པ་ཀོང་རེསི་ཚོགས་པས་གྲོས་ཚོགས་གསར་པའི་ནང་ཕྱོགས་འགལ་ཚོགས་པའི་ལངས་ཕྱོགས་འཛིན་རྒྱུ་ཡིན་པའང་ཀོང་རེསི་ཚོགས་པས་གསལ་བསྒྲགས་གནང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org