རྒྱ་གར་ཀཤི་མིར་ཁུལ་དུ་གྱེན་ལོག་པ་བཞི་རྐྱེན་ལམ་དུ་བཏང་བ།
རྒྱ་གར་ནང་རང་བཙན་གྱི་ཉིན་མོ་སྲུང་བརྩིའི་སྔ་ནུབ་ཏུ་ཀཤི་མིར་ནང་གྱེན་ལོག་པ་བཞི་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
-
2009-08-15 -
-
-
༄༅༎རྒྱ་གར་ནང་རང་བཙན་གྱི་ཉིན་མོ་སྲུང་བརྩིའི་སྔ་ནུབ་ཏུ་ཀཤི་མིར་ནང་གྱེན་ལོག་པ་བཞི་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་ནས་ལོ་དྲུག་ཅུ་རེ་གཉིས་འཁོར་བའི་དུས་ཆེན་སྲུང་བརྩིའི་སྔ་ནུབ་ཏུ་ཁ་ཆེའི་ཁ་བྲལ་གྱེན་ལོག་པས་ཀཤི་མིར་ནང་དུས་དྲན་དེ་སྲུང་བརྩི་བྱེད་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་མ་ཟད་རེས་གཟའ་པ་སངས་ཀྱི་ཕྱི་དྲོ་གྱེན་ལོག་པ་དང་གཞུང་གི་ཉེན་སྲུང་བའི་དབར་འཐབ་རྩོད་ནང་གྱེན་ལོག་པ་བཞི་རྐྱེན་ལམ་དུ་བཏང་ཡོད་ལུགས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གྱེན་ལོག་པ་དེ་དག་ནི་ཧིཛེ་བུལ་མུ་ཇ་ཧི་རྡིན་ཞེས་པའི་གྱེན་ལོག་ཅིག་གི་མི་སྣ་ཡིན་པ་དང་སྒྲིག་འཛུགས་དེས་ཀཤི་མིར་པ་ཀི་སི་ཐན་གྱི་ཁོངས་གཏོགས་བྱེད་འདོད་བྱེད་ཀྱི་ཡོད་པར་བརྟེན་ཕྱི་ལོ་༡༩༨༩ལོར་ཐོག་མར་གྱེན་ལོག་འགོ་འཛུགས་བྱས་པ་ནས་བཟུང་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་རྒྱ་གར་གྱི་རང་བཙན་གྱི་ཉིན་མོ་དེ་མུན་ནག་གི་ཉིན་མོར་བརྩི་ཡི་ཡོད་རེད། དུས་དེ་ནས་བཟུང་རྒྱ་གར་རང་བཙན་གྱི་ཉིན་མོའི་སྲུང་བརྩིའི་ཧ་ཅང་སྲུང་སྐྱོབ་དམ་པོའི་འོག་གནང་མུས་ཡིན་པ་རེད། དུས་དྲན་སྲུང་བརྩི་ལྟེ་བ་རྒྱལ་ས་ཤི་རི་ན་གར་ནང་གནང་གི་ཡོད་པ་ལྟར་མངའ་སྡེའི་བློན་ཆེན་གསར་པ་ཨོ་མར་ཨབ་རྡུ་ལ་མཛད་སྒོར་མཉམ་ཞུགས་གནང་གི་ཡོད་འདུག ཕྱི་ལོ་ཉིས་སྟོང་བདུན་ལོ་རྒྱ་གར་དང་པ་ཀི་སི་ཐན་དབར་ཞི་འགྲིགས་ཀྱི་གྲོས་མོལ་འགོ་བཙུགས་པ་ནས་བཟུང་ས་གནས་སུ་དྲག་རྒོལ་རིགས་ཉུང་དུ་ཕྱིན་ཡོད་ཀྱང་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་སྡུག་ཏུ་ཕྱིན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཁ་བྲལ་གྱེན་ལོག་པའི་ལས་འགུལ་ཕྱི་ལོ་༡༩༨༩ལོར་འགོ་བཙུགས་ནས་བཟུང་ད་བར་ཡུལ་མི་བཞི་ཁྲི་བདུན་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་རེད།།