བློ་བཟང་སེང་གེ་སོཊ་མི་བཞི་ལ་ཁྲིམས་ཐག་བཅད།
བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་ཁོངས་ཀྱི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་བློ་བཟང་སེང་གེ་སོགས་བོད་མི་དགེ་འདུན་པ་བཞི་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་འདུག
-
2013-01-21 -
-
-
དེ་ཡང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པར་བོད་ནས་གནས་ཚུལ་འབྱོར་བ་བཏང་དོན། བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་རང་ལོ་༡༩་ཡིན་པ། གྲྭ་བློ་བཟང་སེང་གེ་ལ་འདི་ཟླའི་ཟླ་དཀྱིལ་ཙམ་ལ་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་༢ དང་། རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་ཨ་སྲུང་རང་ལོ་༢༢ ཅན་ཁོང་ལ་ལོ་༢ དང་ཟླ་༦ ད་དུང་རྒྱལ་རོང་ཚོ་བདུན་ཞང་གཙུག་ཚེ་སྡེ་བའི་མོས་སྐོས་གྱོ་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཡར་འཕེལ། རང་ལོ་༡༨ ཙམ་ཡིན་པ་ཁོང་ལ་ལོ་༦ རྒྱལ་རོང་ཚོ་བདུན་ཞང་མཁར་དགུ་སྡེ་བ་ཡིན་པའི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་རྣམ་སྲས། རང་ལོ་༡༨ ཡིན་པ་ཁོང་ལ་ལོ་༡༠ བཅས་ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
གནས་ཚུལ་ལྟར་ན། གྲྭ་བློ་བཟང་སེང་གེ་དང་། གྲྭ་ཡར་འཕེལ། གྲྭ་རྣམ་སྲས་གསུམ་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༡༢ ཀྱི་མཚན་མོ་དགོན་པའི་ནང་གི་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཤིང་། བློ་བཟང་སེང་གེ་དང་རྣམ་སྲས་གཉིས་འཛིན་གྲྭ་ཁ་ཏོག་གོང་མ་དང་། ཡར་འཕེལ་འཛིན་གྲྭ་རྟགས་རིགས་ཡིན་འདུག གྲྭ་ཨ་སྲུང་ལགས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༡༦ གི་མཚན་མོའི་དུས་ཚོད་༤ ཙམ་ལ་གྲྭ་ཤག་ནས་འཛིན་བཟུང་བྱས་ཡོད་འདུག་ལ། ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་སྐབས་དེར་གསལ་བཤད་བྱས་མེད་པ་དང་། བཀག་ཉར་བྱས་རྗེས་ཡུན་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་བྱུང་ནའང་། དེ་སྔོན་འཛིན་བྱས་པའི་གནས་ཚུལ་མཁོ་སྤྲོད་མཁན་གྱིས་ཚོ་བདུན་ཀིརྟི་དགོན་པ་ནས་ཡིན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བསྟན་པ་དར་རྒྱས་དང་། འཆི་མེད་དཔལ་ལྡན། བློ་བཟང་བློ་འཛིན་བཅས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་པའི་གླེང་སློང་ཡོང་གི་ཡོད་ཚུལ་བརྗོད་ཡོད་པ་ཙམ་ལས་གསལ་པོ་ཤེས་རྟོགས་ཐུབ་མེད་ལ། དེ་བཞིན་ཁྲིམས་ཐག་གཅོད་སྐབས་ཀྱང་ཉེས་འཛུགས་ག་རེ་བྱས་ཡོད་མེད་ཤེས་རྟོགས་བྱུང་མི་འདུག
དེ་མིན་སྐབས་དེར་འཛིན་བཟུང་བྱས་པའི་རྔ་པ་རང་སྐྱོང་ཁུལ་གྱི་བཙན་ལྷ་རྫོང་ནས་ཡིན་པའི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཐུབ་དབང་བསྟན་འཛིན། རང་ལོ་༢༠ ཙམ་དང། འཛིན་གྲྭ་གཞུང་གསར་ཡིན་པ་ཁོང་དང་། དེའི་སྔོན་ཙམ་ལ་འཛིན་བཟུང་བྱས་པའི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་གྲྭ་རབ་བརྟན་གཉིས་ལ་ཐག་གཅོད་གང་ཡང་མ་བྱས་པར་མུ་མཐུད་བཀག་ཉར་བྱས་ཡོད་པ་རེད་འདུག