ཁ་བཏགས་འཁྱེར་བར་འཛིན་བཟུང་།
བལ་པོའི་ཉེན་རྟོག་པས་བོད་མི་བཞིའི་རྩ་ནས་ཁ་བཏགས་ཐོན་པ་དེ་གྲུབ་ཆེན་ལགས་ཀྱི་སྐུ་ཕུང་ལ་འབུལ་ཆེད་ཡིན་པར་དོགས་ནས་འཛིན་བཟུང་བྱས།
-
2013-03-01 -
-
-
༄༅། །ཕྱི་ཚེས་༢༧ཉིན་བལ་ཡུལ་གཞུང་གི་ཉེན་རྟོག་པས་རྒྱལ་ས་ཀཏ་མན་ཌུའི་ནང་བོད་མི་བཞི་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་སྐོར་སྲུང་བས་འཛིན་བཟུང་བྱས་པའི་བོད་མི་བཞི་པོར་ལུས་བཤེར་སྐབས། བོད་མི་དེ་དག་གི་འབའ་ཁུག་ནས་ཁ་བཏགས་ཐོན་པར་སོང་། ཁོང་རྣམས་ཉེ་ལམ་བལ་ཡུལ་ནང་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གི་དོན་རྐྱེན་ནང་འདས་གྲོངས་སུ་གྱུར་བའི་གྲུབ་ཆེན་ཚེ་རིང་ལགས་དམ་པ་འདིའི་སྐུ་ཕུང་སྨན་ཁང་ནང་བཀག་ཉར་ཡོད་པ་དེར་མཇལ་དར་ཕུལ་བར་སྐྱོད་མཁན་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག བོད་མི་ཚོས་བལ་ཡུལ་གཞུང་ལ་གྲུབ་ཆེན་ཚེ་རིང་ལགས་དམ་པ་འདིའི་སྐུ་ཕུང་བོད་མིར་རྩིས་སྤྲོད་དགོས་པའི་ཞུ་འབུལ་གནང་བཞིན་ཡོད་པ་དང་། གཞུང་གིས་ཁོང་གི་སྐུ་ཕུང་ད་ལྟའང་རྩིས་སྤྲོད་མ་གནང་བར་རྒྱལ་སའི་ཏིར་སྤུ་སྦན་གཙུག་ལག་སློབ་གྲྭའི་སྨན་ཁང་ནང་ཉར་འཇོག་བྱེད་བཞིན་ཡོད་པ་རེད། ཉེན་རྟོག་པས་སྨན་ཁང་འདི་ཁུལ་འགྲོ་འོང་བྱེད་མཁན་བོད་མི་ཡོད་དོ་ཅོག་ལ་དོགས་པའི་རང་བཞིན་གྱིས་བཀག་སྡོམ་བྱེད་ཀྱི་ཡོད་འདུག།