གཞུང་ལས་བྱེད་ཚོར་གཟུགས་གཞིའི་བརྟག་དཔྱད་ལས་འཆར།
2008.10.22
༄༅༎བཙན་བྱོལ་བོད་གཞུང་བདེ་ལེགས་སྨན་ཁང་དང་ཨི་ཊ་ལིའི་རོགས་ཚོགས་ཁའར་ཌི་ཡོ་ལེབ་ཐོུང་གི་ཐོག་ནས་སྙིང་ཁམས་དང་འབྲེལ་བའི་གཟུགས་པོའི་བརྟག་དཔྱད་ཀྱི་ལས་འཆར་ཞིག་སྤེལ་གནང་བཞིན་ཡོད་པ་རེད་
གོང་ཞུས་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་སྙིང་ཁམས་བརྟག་དཔྱད་གནང་རྒྱུའི་ལས་གཞི་རྒྱ་ཆེ་ཞིག་ལག་བསྟར་གནང་མུས་ལྟར་དེ་རིང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་གཉིས་དང་ཉི་ཤུ་གསུམ་བཅས་ཉིན་གཉིས་རིང་བཞུགས་སྒར་དུ་གནས་སྡོད་སྲི་ཞུ་བ་རྣམ་པར་དམིགས་བསལ་དུས་ཚིགས་རྒྱས་བཅད་གནང་སྟེ་སྙིང་ཁམས་དང་འབྲེལ་བའི་བརྟག་དཔྱད་གནང་བཞིན་ཡོད་པ་རེད་ དེ་ཡང་ཉིིན་དང་པོ་སྔ་དྲོ་ཚོུད་དགུ་དང་ཕྱེད་ཀའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དབུ་འབྱེད་དུ་གདན་ཞུ་གནང་བ་བཞིན་བཀའ་བློན་མཆོག་ནས་དབུ་འབྱེད་གནང་གྲུབ་རྗེས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ།བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་བཅས་གོ་རིམ་གཞིར་བཟུང་བརྟག་དཔྱད་གནང་རྒྱུ་དབུ་བཙུགས་གནང་ཡོད་པ་རེད་ ཡང་བོད་གཞུང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ད་རེས་རིན་མེད་ཀྱི་ཐོག་ནས་སྙིང་ཁམས་བརྟག་དཔྱད་ལས་གཞི་དེ་བཞིན་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གཞོན་པ་སྐུ་ཞབས་ཁོལོ་ཌི་ཡོ་ཁའར་ཌེ་ལི་ཡིས་འཕྱར་གྲུབ་གནང་བ་ཞིག་དང་ལས་འཆར་དེའི་ཆེད་དུ་སྨན་པ་དང་སྨན་གཞུང་གི་ཆེད་ལས་མི་སྣ་སོགས་ཁྱོན་མི་གྲངས་ཉི་ཤུ་ཙམ་བཞུགས་སྒར་དུ་འབྱོར་ནས་དམིགས་བསལ་གྱིས་ཐོན་གསར་ཅན་གྱི་འཕྲུལ་རིགས་བེད་སྤྱོད་བྱས་ནས་གཟུགས་པའི་ནང་བྱེ་མ་ཀ་རའི་ཚད་གཞི་དང་ཁྲག་ཤེད་མཐོ་ཚད་དེ་ག་ནང་བཞིན་སྙིང་ཁམས་དང་འབྲེལ་བའི་གཟུགས་གཞིའི་རིགས་བརྟག་དཔྱད་གནང་ཐུབ་ཀྱི་ཡོད་པ་དེར་བསྔགས་བརྗོད་གནང་ཡོད་པ་རེད།