གོམ་བགྲོད་པ་མེ་རི་ལེནཌ་དུ་འབྱོར།
ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནས་ནིའུ་ཡོརྐ་གྲོང་ཁྱེར་བར་གྱི་བོད་རང་བཙན་ཆེད་གོམ་བགྲོད་པ་རྣམས་Maryland དུ་འབྱོར་འདུག
-
2013-03-15 -
-
-
༄༅། །འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༤ཉིན་པོ་དང་བསྟུན། ༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚ་ཀུན་དགའ་ནོར་བུ་ལགས་གཙོས་བོད་མི་བཞི་ཡི་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནས་ནིའུ་ཡོག་གྲོང་ཁྱེར་བར་བོད་རང་དབང་རང་བཙན་ཆེད་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པ་རེད། ལས་འགུལ་བ་རྣམས་ད་ཆ་ཨ་རིའི་Maryland མངའ་སྡེའི་ Harford རྫོང་གི་ས་ཁུལ་ནང་འབྱོར་འདུག ཁོང་རྣམས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་ཨ་མི་རི་ཀའི་རྒྱལ་དར་བསྣམས་ནས་གོམ་བགྲོད་གནང་བས་མ་ཟད། ཞོར་དུ་ཁོང་རྣམས་ཀྱི་ལས་འགུལ་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་གནང་བཞིན་ཡོད་པ་རེད། ཁོང་རྣམ་པའི་ཡིག་ཆ་འགྲེམས་སྤེལ་གནང་བའི་ནང་རྒྱ་གཞུང་གིས་རྒྱ་རིགས་བོད་ནང་སྤོ་ཤུགས་བྱས་ནས་བོད་མི་རྣམས་རང་གི་ཕ་མེས་ཀྱི་ཡུལ་ནང་གྲངས་ཉུང་རིགས་ཤིག་ཏུ་འགྱུར་ཐབས་ཀྱི་ངན་བྱུས་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། བོད་མི་རྣམས་འ་ཆད་འུ་ཐུག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་རིམ་པས་བྱུང་སྐོར་ཡིག་ཆ་དེ་དག་ནང་བཀོད་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུའི་གཅེན་པོ་ཐུབ་བསྟན་འཇིགས་མེད་ནོར་བུ་ལགས་ཀྱི་སྲས་ཀུན་དགའ་ནོར་བུ་ལགས་ཀྱིས་ད་ཐེངས་ཀྱི་ཁོང་རྣམ་པའི་གོམ་བགྲོད་ཀྱི་ལས་འགུལ་འདི་ལོ་ངོ་གཉིས་གོང་ཨ་རི་མངའ་སྡེ་ Florida ནང་འདས་གྲོང་སོང་བའི་ཁོང་གི་གཅུང་པོ་འཇིགས་མེད་ནོར་བུ་ལགས་ཀྱི་དྲན་རྟེན་ཆེད་ཡིན་སྐོར་ཨ་རིའི་ Baltimore sun ཞེས་པའི་གསར་ཤོག་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད།།