ཕེ་རན་སིའི་ཕྱི་འབྲེལ་བློན་ཆེན་དང་༸གོང་ས་མཆོག་མཇལ་འཕྲད།
ཕེ་རན་སིའི་ཕྱི་འབྲེལ་བློན་ཆེན་སྦར་ནའ་ཌེ་ཀུཆི་ནར་ཡིས་བདུན་རྗེས་མ་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་འདུག
-
2008-08-14 -
-
-
༄༅༎ཕེ་རན་སིའི་ཕྱི་འབྲེལ་བློན་ཆེན་ སྦར་ནའ་ཌེ་ ཀུཆི་ནར་ ཡིས་བདུན་རྗེས་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་སྐོར་༸གོང་ས་མཆོག་གི་གསུང་སྒྱུར་ མེ་ཐིའུ་རི་ཁའ་ཌེ་ ཡིས་གསུངས་བཞག
མེ་ཐིའུ་རི་ཁའ་ཌེ་ཡིས་གསར་འགོད་པ་ཚོར། བདུན་རྗེས་མ་ཕྱི་ཟླ་༨པའི་ཚེས་༢༠ཉིན་ཕེ་རན་སིའི་ནུབ་ཕྱོགས་གྲོང་ཁྱེར་ནེན་ཏེསི་ནང་༸གོང་ས་མཆོག་དང་ཕེ་རན་སིའི་ཕྱི་འབྲེལ་བློན་ཆེན་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསུངས་ཏེ། ཁ་ས་དགོང་དྲོ་བློན་ཆེན་ཀུཆི་ནར་ཡིས་ ༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདོད་ཡོད་པའི་ཞལ་པར་གནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག
དེ་བཞིན་ཟླ་བ་འདིའི་ཚེས་༢༢ཉིན་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གི་སྐུ་ཟླ་ལྕམ་ ཁའར་ལ་སྦུརུ་ནི་ སར་ཀོ་ཛིས་ ཕེ་རན་སི་ལྷོ་ཕྱོགས་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་སུ་གཙུག་ལག་ཁང་གསར་བཞེངས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་བར་ཕེབས་རྒྱུ་ཡིན་སྐོར་སྐུ་ཚབ་དོན་གཅོད་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
ཡང་རྣམ་ཀུན་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཕེ་རན་སི་ཡུལ་གྱི་བློན་ཆེན་གཞོན་པ་ལྕམ་ ར་མ་ཡ་ཌེས་ ཕེ་རན་སི་གསར་ཤོག་ཁག་དང་བརྙན་འཕྲིན་ཐོག་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུར་དགའ་པོ་ཡོད་པ་དང་ཁོང་གི་ལས་ཁུངས་ནས་དུས་ཚོད་ཡག་པོ་ཞིག་འཚོལ་ཐབས་གནང་བཞིན་ཡོད་སྐོར་གསུང་ཡོད་པ་ལས། གཞུང་འབྲེལ་ཐོག་ནས་མཇལ་འཕྲད་ཞུ་རྒྱུའི་དུས་ཚོད་ད་ལྟ་གསལ་བསྒྲགས་གནང་མེད་པ་རེད།