འཛམ་གླིང་ཆེས་ཡར་ཐོན་རྒྱལ་ཁབ་ཀྱི་ཚོགས་འདུར་རེ་སྐུལ།
འཛམ་གླིང་ནང་གི་ཡར་ཐོན་ཆེ་ཤོས་ཀྱི་ཡུལ་གྲུ་ཁག་བརྒྱད་ཀྱི་ཚོགས་འདུ་དེ་བཞིན་རིང་མིན་ཨམི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཚོགས་རྒྱུ།
-
2012-04-10 -
-
-
༄༅༎རིང་མིན་ཕྱི་ཟླ་ ༥ ནང་ ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་འཛམ་གླིང་ནང་གི་ཡར་ཐོན་ཆེ་ཤོས་ཀྱི་ཡུལ་གྲུ་ཁག་ ཇཱི་ཨེཊ་གྱི་ཚོགས་འདུའི་སྐབས་ ཟས་བཅུད་ཀྱི་མ་འདེངས་པ་དང་མུ་གེ་ཡོད་པའི་དབུལ་པོའི་ཡུལ་གྲུ་ཁག་གི་ནང་ཟ་འབྲུ་འཕེལ་རྒྱས་གཏོང་བའི་སོ་ནམ་ལས་གཞིའི་ཐོག་དཔལ་འབྱོར་གྱི་མ་རྩ་འཛུགས་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་དགོས་རྒྱུར་ལྦན་ཞེས་པ་གཞས་པ་གྲགས་ཅན་ སྦོ་ནོ་དང་ སྦོབ་ གེལ་ཌོཕ་གྱིས་བཙུགས་པའི་རོགས་རམ་ཚོགས་པ་དེས་བརྗོད་འདུག།
ཚོགས་པ་དེས་བཏོན་པའི་སྙན་ཐོ་ཞིག་གི་ནང་ འབྱོར་ལྡན་ཡུལ་གྲུ་ཚོས་སོ་ནམ་ལས་གཞིའི་ཐོག་དཔལ་འབྱོར་གྱི་མ་རྩའི་ཚད་གཞི་མཐོ་རུ་བཏང་སྟེ་ དེས་ཨཕ་རི་ཀའི་ཡུལ་གྲུ་ ༣༠ ཙམ་དང་ དེ་བཞིན་ཨེ་ཤི་ཡ་དང་དབུས་ཨ་མི་རིཀའི་ནང་གི་མི་འབོར་ས་ཡ་ལྔ་བཅུ་ལྷག་ཆེས་དབུལ་ཕོངས་ཀྱི་གནས་སྟངས་ལས་གྲོལ་ཐུབ་པ་ཡོང་རྒྱུ་ཡིན་པ་གསལ་ཡོད་པ་རེད།
འཛུགས་བསྐྲུན་དང་དཔལ་འབྱོར་ཡར་ཐོན་ཆེ་ཤོས་ཀྱི་ཡུལ་གྲུ་བརྒྱད་པོ་ནི། ཨ་མི་རི་ཀ་དང༌། དབྱིན་ཡུལ། ཇར་མན་ནི། ཕེརནསི། ཨི་ཊ་ལི། ཉེ་ཧོང༌། ཀེ་ན་ཌ་དང་ར་ཤི་ཡ་བཅས་ཡིན་ཞིང༌། ཡུལ་གྲུ་དེ་དག་གི་ཆེས་མཐོའི་ལྷན་ཚོགས་ཞིག་ཕྱི་ཟླ་ ༥ ཚེས་ ༡༨ ནས་ ༡༩ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་སའི་ཉེ་འགྲམ་ཞིག་ཏུ་གནང་རྒྱུ་ངེས་ཤིང༌། གོ་ལའི་ཟ་འབྲུའི་གནས་སྟངས་དང་དེ་ཡར་རྒྱས་གཏོང་ཕྱོགས་སྐོར་དེ་ཚོགས་འདུའི་གྲོས་གཞི་གཙོ་བོ་ཞིག་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ལོར་འཛམ་གླིང་ནང་ཟ་འབྲུའི་ཛ་དྲག་གི་དཀའ་ངལ་བྱུང་སྟེ་ ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་མང་པོ་ཞིག་གི་ནང་མུ་གེའི་དཀའ་ངལ་ཆེ་རུ་ཕྱིན་པ་དང༌། དཀའ་ངལ་དེ་དང་འབྲེལ་སྟེ་སྤྱི་ཚོགས་ཀྱི་བརྟན་ལྷིངས་མེད་པ་སོགས་ཀྱི་གནད་དོན་བྱུང་བ་དེ་ནི་ འདས་པའི་ལོ་མང་རིང་དབུལ་ཕོངས་ཀྱི་ཡུལ་གྲུ་དེ་དག་གི་ནང་སོ་ནམ་ལས་གཞིའི་ཐད་དཔལ་འབྱོར་གྱི་མ་རྩ་འཛུགས་རྒྱུ་དམའ་དྲག་པ་ལས་བྱུང་བ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
འདི་ལོའི་འཛམ་གླིང་ཡར་ཐོན་གྱི་ཡུལ་གྲུ་བརྒྱད་ཀྱི་ཚོགས་འདུ་དེ་ ཀེམ་ཌེ་ལྦིསི་ཞེས་པ་ ཨ་མི་རིཀའི་རྒྱལ་སའི་ཉེ་འགྲམ་དུ་ཡོད་པའི་དམག་དོན་བརྟེན་གཞི་ཁང་ཞིག་ཏུ་ཚུགས་རྒྱུ་ཡིན་པ་དང༌། ལྦན་ཞེས་པའི་རོགས་ཚོགས་དེས་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་ ཨཕ་རི་ཀའི་ནང་གི་དབུལ་ཕོངས་ཀྱི་ཡུལ་གྲུ་དེ་དག་གིས་འཛམ་གླིང་འབྱོར་ལྡན་ཡུལ་གྲུ་ཚོར་སྤྲོད་འཇལ་དགོས་པའི་བུ་ལོན་ཆགས་ཡང་གཏོང་ཐབས་ཐད་ལས་འགུལ་ཤུགས་ཆེ་སྤེལ་ཏེ་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག།