G20 ལྷན་ཚོགས་ཐོག་བོད་ཀྱི་གནད་དོན་གླེང་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་དགོས་འདུན་བཏོན་འདུག

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་རྒྱལ་ས་ལྡི་ལིའི་ནང་G20 ཚོགས་ཆེན་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་དགོས་པའི་དགོས་འདོན་གནང་འདུག

tibet.net

རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་རྒྱལ་ས་ལྡི་ལིའི་ནང་ཕྱི་ཟླ་༩་ཚེས་༩་དང་༡༠་ཉིན་གཉིས་རིང་G20 ཞེས་འཛམ་གླིང་ནང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠་དབུ་ཁྲིད་དབར་ཆེས་མཐོའི་ལྷན་ཚོགས་གནང་སྐབས་བོད་ཀྱི་གནད་དོན་དེ་གལ་གནད་ཆེན་པོར་རྩིས་དགོས་པ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་ངོས་འཛིན་གནང་དགོས་པ་མ་ཟད་་ལྷན་ཚོགས་དེའི་ཐོག་ནས་རྒྱ་ནག་གཞུང་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་དགོས་པ་སོགས་ཀྱི་དགོས་འདོན་གནང་འདུག་  བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཁ་ས་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའམ་Core Group for Tibetan Cause-India ཞེས་པས་འདི་ཟླའི་ཚེས་༢༤་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་Press Club of India ཞེས་པའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་ནས་ལྷན་ཚོགས་དེའི་རྒྱལ་ཡོངས་འབྲེལ་མཐུད་པ་RK Khirmey ལགས་ཀྱིས་རྒྱལ་ས་ལྡི་ལིའི་ནང་འཚོགས་ལ་ཉེ་བའི་G20 དབུ་ཁྲིད་རྣམས་ཀྱིས་བོད་ནང་གི་བྱིས་པ་ས་ཡ་གཅིག་ལྷག་ཕ་མ་དང་ཁ་བྲལ་བཏང་སྟེ་གཏན་འཇགས་སློབ་གྲ་ཁག་ནང་གཏོང་བཞིན་པ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་བོད་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་ཐབས་ལ་དམིགས་ཡོད་པ་སོགས་ཀྱི་ངོ་སྤྲོད་གནང་བ་དང་འབྲེལ་G20 ལྷན་ཚོགས་ཐོག་བོད་ཀྱི་གནད་དོན་གླེང་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་དགོས་འདུན་བཏོན་པ་དང་། སྐབས་དེར་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་བའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྐུ་དབང་ཡོངས་རྫོགས་༧མགོན་པོ་གང་ཉིད་ལ་ཡོད་པ་ལས་རྒྱ་ནག་ཐེ་བའི་རྒྱལ་ཁབ་གཞན་དང་གཞུང་འཛིན་གང་ལ་ཡང་མེད་སྐོར་སོགས་ཀྱང་བཀོད་གནང་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་RK Khrimey ལགས་དབུས་པའི་ཚོགས་མི་Surender Kumarལགས་དང་ Arvind Nikose ལགས་དེ་བཞིན་Pankaj Goyal བཅས་ཆེད་ཕེབས་གནང་འདུག  སྐབས་དེར་Surrender Kumar མཆོག་གིས་G20 ལྷན་ཚོགས་ཐོག་ནས་བོད་ཀྱི་གནད་དོན་གླེང་སློང་ཡོང་ཐབས་སུ་རྒྱ་གར་གྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་པ་གཙོས་བོད་དོན་ཐོག་རྒྱུན་དུ་ཐུགས་སྣང་ཡོད་པའི་དབུ་ཁྲིད་དང་མང་ཚོགས་་་དེ་བཞིན་ཚོགས་པ་གཞན་ཁག་དང་འབྲེལ་བ་གནང་མུས་ཡིན་སྐོར་གསུངས་འདུག  རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འཚོགས་ལ་ཉེ་བའི་G20 ཆེས་མཐོའི་ལྷན་ཚོགས་དེའི་ནང་ཨ་མེ་རི་ཀ་དང་ཉི་ཧོང་་ཨིན་ཇི་དང་ཇར་མ་ནི་་རྒྱ་གར་དང་རྒྱ་ནག་སོགས་རྒྱལ་ཁབ་༢༠འི་དབུ་ཁྲིད་ཙམ་མ་ཟད་རྒྱལ་ཁབ་གཞན་༩་ཡི་དབུ་ཁྲིད་དང་རྒྱལ་སྤྱིའི་ཚོགས་པ་༡༤ཡི་དབུ་ཁྲིད་སོགས་ཀྱང་མཉམ་བཞུགས་གནང་འཆར་ཡོད་པའི་གནས་ཚུལ་འདུག

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ།  དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org