རྒྱ་གར་གྱི་མེས་པོ་གན་རྡིའི་སྐུ་ཆས་ཁྲོམ་རྭའི་ནང་སླེབས་ཡོད་པ།
རྒྱ་གར་གྱི་མེས་པོ་དམ་པ་མ་ཧ་ཏེ་མ་གན་རྡི་མཆོག་གི་སྐུ་སྒེར་གྱི་དངོས་རྫས་ཁག་ཅིག་རྒྱལ་སྤྱིའི་བསྡུར་ཚོང་གི་ཁྲོམ་རྭའི་ནང་སླེབས་ཡོད་འདུག
-
2009-02-17 -
-
-
༄༅༎རྒྱ་གར་གྱི་མེས་པོ་དམ་པ་མ་ཧ་ཏེ་མ་གན་རྡི་མཆོག་གི་སྤྱན་ཤེལ་སྒོར་མོ་ཅན་ལ་སོགས་པ་སྐུ་སྒེར་གྱི་དངོས་རྫས་ཁག་ཅིག་རྒྱལ་སྤྱིའི་བསྡུར་ཚོང་གི་ཁྲོམ་རྭའི་ནང་སླེབས་པ་དེ་དག་རྒྱ་གར་དུ་ཕྱིར་ལོག་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
མ་ཧ་ཏེ་མ་གན་རྡི་མཆོག་གི་སྐུའི་ཡང་ཚའི་ཡང་ཚ་ཏུ་ཤར་གན་རྡིས་གན་རྡི་མཆོག་གི་སྐུ་སྒེར་གྱི་དངོས་རྫས་དེ་དག་ནིའུ་ཡོག་གྲོང་ཁྱེར་གྱི་བསྡུར་ཚོང་ཞིག་གི་སྐབས་ཚོང་བསྒྱུར་བྱེད་རྒྱུ་དེ་ནི་ཚད་མཐོའི་དམའ་འབེབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་འགྲེལ་བརྗོད་གནང་པ་དང་སྦྲགས་གན་རྡི་མཆོག་གི་སྐུ་སྒེར་གྱི་དངོས་རྫས་དེ་དག་རྒྱ་གར་དུ་ཕྱིར་བླུ་ཐབས་ཆེད་དཔལ་འབྱོར་འདུ་བཀོད་གནང་བཞིན་ཡོད་པ་གསུངས་འདུག
དངོས་རྫས་དེ་དག་གི་ཁོངས་སུ་གན་རྡིའི་ཞབས་བཅག་དང་པ་ཀིའི་ཕྱག་ཚོད་སོགས་ཡོད་པ་རེད།
ཡང་གན་རྡིའི་དྲན་གསོའི་ཐེབས་རྩ་ཁང་གི་ཚོགས་མི་རམ་ཅན་རྡར་ར་ཧི་མཆོག་གིས་གན་རྡི་ཇིའི་སྐུ་སྒེར་གྱི་དངོས་རྫས་དེ་དག་གི་བརྒྱུད་མ་འོངས་ཀྱི་མི་རབས་ཚོར་སེམས་འགུལ་བྱུང་ཐབས་ཆེད་ཁོང་ཚོས་མཇལ་ཐུབ་པ་ཞིག་བཟོ་རྒྱུ་གལ་འགངས་ཆེན་པོ་ཡིན་པགསུངས་འདུག
རྒྱལ་སྤྱིའི་བསྡུར་ཚོང་ཁྲོམ་རྭའི་ནང་སླེབས་པའི་དངོས་རྫས་དེ་དག་ཇར་མན་གྱི་དངོས་རྫས་རྙིང་པ་གསོག་སྒྲུབ་བྱེད་མཁན་ཞིག་ལ་གན་རྡི་ཇིའི་སྐུའི་ཡང་ཚ་གི་ཏའི་ལག་ནས་ཐོབ་པ་ཞིག་ཡིན་འདུག
གན་རྡིའི་ཡང་ཚའི་ཡང་ཚ་ཏུ་ཤར་གན་རྡིས་གི་ཏས་དངོས་རྫས་དེ་དག་ཕྱི་མིའི་ལག་ཏུ་སྤྲད་པར་སྐྱོན་བརྗོད་གནང་ཞིང་གི་ཏའི་ཕ་མས་དུས་ནམ་ཡང་གན་རྡི་ཇིའི་སྐུ་སྒེར་གྱི་དངོས་རྫས་ཚོང་བསྒྱུར་བྱས་སྟེ་དཔལ་འབྱོར་མཁོ་སྒྲུབ་གནང་གི་མ་རེད་ཅེས་གསུངས་འདུག
ནིའུ་ཡོག་གྲོང་ཁྱེར་གྱི་ནང་ཚོང་འགྲེམས་བྱེད་རྒྱུའི་གན་རྡི་ཇིའི་སྐུ་སྒེར་གྱི་དངོས་རྫས་དེ་དག་ལ་ཁྱོན་བསྡོམས་ཨ་རིའི་ཌོ་ལར་སྟོང་ཕྲག་ཉི་ཤུ་ནས་སུམ་ཅུ་བར་གནས་རྒྱུ་ཡིན་འདུག་པ་དང་སྐུ་ཞབས་ཏུ་ཤར་གན་རྡིས་ཛ་དྲག་གི་ཐོག་ནས་དཔལ་འབྱོར་འདུ་བཀོད་གནང་དགོས་རྒྱུ་ཡིན་པ་གསུངས་འདུག