༧གོང་ས་མཆོག་གདན་འདྲེན་ཞུ་ཐབས་གནང་གི་ཡིན།

ཨ་རིའི་ཝར་ཇི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་གཞོན་པའི་འོས་མི་ཞིག་གིས་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག

ཨ་རིའི་ཝར་ཇི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་གཞོན་པའི་འོས་མི་སྐུ་ཞབས་(Gene Rossi) Gene Rossi/FB

ཨ་མི་རི་ཀའི་ཝར་ཇི་ཎི་ཡའི་མངའ་སྡེའི་སྤྱི་ཁྱབ་གཞོན་པའི་འོས་མི་ཞིག་གིས་གལ་སྲིད་ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡིན་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཝར་ཇི་ཎི་ཡ་མངའ་སྡེའི་རྒྱལ་ས་(Richmond)་དུ་གདན་འདྲེན་ཞུ་ཐབས་གནང་གི་ཡིན་ཞེས་གསུངས་འདུག
དེ་ཡང་རིང་མིན་ཟླ་བ་འདིའི་ནང་ཝར་ཇི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་གཞོན་པའི་སྔོན་འགྲོའི་འོས་བསྡུ་གནང་རྒྱུ་ཡིན་པ་དང་། ཨ་རིའི་མང་གཙོ་ཚོགས་པར་འོས་མི་གསུམ་ཡོད་པའི་ནང་ནས་གཅིག་སྐུ་ཞབས་(Gene Rossi)ལགས་ཡིན་པ་དང་། སྐུ་ཞབས་(Rossi)ལགས་ཀྱིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་རེས་གཟའ་ཉི་མའི་གཟའ་མཇུག་སློབ་གྲར་འབྲེལ་བ་གནང་ནས་འོས་བསྡུའི་སྐབས་ས་གནས་བོད་མི་ཚོས་ཁོང་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཐོག་འདི་ཚེས་༡༡རེས་གཟའ་ཉི་མའི་ཉིན་གཟའ་མཇུག་སློབ་གྲར་ཕེབས་ནས་སློབ་ཕྲུག་ཚོར་བཀའ་སློབ་མདོར་བསྡུས་ཤིག་གནང་རྒྱུ་དང་། དེ་རྗེས་ཕ་མ་གཙོས་པའི་ས་གནས་བོད་རིགས་ཚོ་དང་ཐུགས་འཕྲད་གནང་རྒྱུ་ཡིན་ལུགས་གསུངས་འདུག
འདི་ནི་ཨ་རི་རྒྱལ་ཡོངས་ནང་མངའ་སྡེའི་སྤྱི་ཁྱབ་འོས་མི་ཞིག་གིས་ཚུར་ས་གནས་བོད་རིགས་ལ་འབྲེལ་བ་གནང་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བའི་ལོ་རྒྱུས་ཐོག་མ་དེ་ཡིན་པ་རེད།
ཝར་ཇི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་གཞོན་པའི་སྔོན་འགྲོའི་འོས་མི་སྐུ་ཞབས་Gene Rossiལགས་ཀྱིས། རིང་མིན་ཕྱི་༦ཚེས་༡༣ཉིན་འོས་བསྡུ་གནང་སྐབས་ས་གནས་བོད་རིགས་ཚོས་ཁོང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག
སྐུ་ཞབས་Gene Rossiལགས་ཀྱིས་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་རང་གི་ཆོས་ལ་དད་པ་ཡིད་ཆེས་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། བདུན་གཉིས་ཙམ་གོང་ངས་Mt. Zionཡེ་ཤུའི་ལྷ་ཁང་ནང་ཆོས་བྱས་པ་ཡིན་ལ་རེས་གཟའ་པ་སངས་སྔོན་མར་ཁ་ཆེའི་རྩ་ཆེའི་Ramadan ཟླ་བ་དང་བསྟུན་ནས་ Adams Centerནང་ཁ་ཆེའི་ཆོས་བྱེད་སར་བཅར་རྒྱུའི་གོ་སྐབས་བྱུང་། ཟླ་བ་འདི་ནི་ནང་པ་ཚོའི་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་ཞིག་རེད། དེ་འདྲ་སོང་ཙང་ངས་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་ཨ་རིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་བཞིན་པ་དེ་ཚོར་ངོས་འཛིན་ཞུས་ཐོག་གལ་སྲིད་ང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡིན་ན་ངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཝར་ཇི་ཎི་ཡ་མངའ་སྡེའི་རྒྱལ་ས་Richmondདུ་གདན་འདྲེན་ཞུ་ཐབས་བྱ་རྒྱུ་དང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་ནང་བོད་ཀྱི་ཉི་མོའི་སྲུང་བརྩི་ཞུ་དགོས་པའི་གྲོས་འཆར་བཏོན་གི་ཡིན་ཞེས་གསུངས་འདུག
སྐུ་ཞབས་Gene Rossiལགས་ནི་ཨ་རིའི་གཞུང་གི་སྙན་གྲགས་ཆེ་བའི་ཁྲིམས་རྩོད་པ་ཟུར་པ་ཞིག་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org