བོད་ཀྱི་བུད་མེད་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ།

བོད་ཀྱི་བུད་མེད་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞུགས་སྒར་རྡ་རམ་ས་ལར་ཚེས་བཅུ་ཉིན་དབུ་བཙུགས་གནང་ཡོད་པ་རེད།

༄༅༎བོད་ཀྱི་བེུད་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞུགས་སྒར་རྡ་རམ་ས་ལའི་བུ་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་ཚེས་བཅུ་ཉིན་དབུ་བཙུགས་གནང་ཡོད་པ་རེད།

ཐེངས་དེའི་བོད་ཀྱི་བེུད་ལྷན་ཚོགས་དེའི་སར་རྒྱ་གར་སོགས་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་ཀྱི་བེུད་ཚོགས་པའི་ཚོགས་མི་སྐུ་ཚབ་༡༧༠ཙམ་ཕེབས་བཞུགས་གནང་ཡོད་པ་རེད། ཐོག་མར་ལྷན་ཚོགས་དབུ་ཚུགས་མ་གནང་གོང་བོད་རྒྱལ་ཁབ་དང་མི་མང་གི་བདེ་རྩའི་དོན་དུ་རང་སྲོག་བློས་བཏང་བའི་དཔའ་བོ་ཕོ་མོ་ཚོའི་ཆེད་དུ་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་ཀྱི་གུས་བཏུད་སྨོན་ལམ་ཞུས་གནང་ཡོད་པ་རེད། དེ་བཞིན་ལྷན་ཚོགས་དེའི་སར་བེུད་ཚོགས་པའི་དཔར་དེབ་བརྙན་དཔར་གསར་འགྲེམས་གནང་བ་དང་དེ་བཞིན་བྱས་རྗེས་ཅན་ཁག་ཅིག་ལ་བསྔགས་བརྗོད་ཀྱི་བྱ་དགའ་གསོལ་བསྩལ་གནང་བ་སོགས་གནང་ཡོད་པ་རེད། ཐེངས་དེའི་བེུད་ཚོགས་པའི་ཚོགས་ཆེན་སར་སྐུ་མགྲོན་གཙོ་བོའི་གྲལ་དུ་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་སྐུ་མ་གྲོན་གཙོ་བོ་བོད་མི་མང་གི་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་གཞན་ཡང་བོད་གཞུང་གི་སྐུ་ཚབ་ཁག་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་སོགས་ལྷན་བཞུགས་གནང་ཡོད་པ་རེད། ཚོགས་ཆེན་དེའི་སར་ད་ཕན་བེུད་ཚོགས་པའི་དྲུང་ཆེ་མཁས་དབང་སྦི་ཚེ་རིང་ལགས་ཀྱིས་འདས་པའི་ཚོགས་པས་བོད་དང་བོད་མིའི་ཆེད་དུ་བོད་ཕྱི་ནང་ཁག་ལ་ལས་འགུལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད་པའི་ལས་འདོམས་སྙན་ཞུ་དང་དེ་བཞིན་བོད་ནང་རྒྱ་ནག་གཞུང་གི་བཙན་དབང་ལ་བོད་མིས་ངོ་རྒོལ་གྱེན་ལངས་བྱས་ཏེ་ལོ་ལྔ་བཅུ་འཁོར་བའི་ལས་འགུལ་སྤེལ་ཁག་མུ་མཐུད་སྤེལ་བཞིན་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་ལྷན་ཚོགས་དེའི་སར་ཕེབས་པའི་དམིགས་བསལ་སྐུ་མགྲོན་བེུད་ལྷན་ཚོགས་ཀྱི་ཚོགས་ཟུར་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་ཀྱང་བེུད་ཚོགས་པས་བོད་དང་བོད་མིའི་བདེ་དོན་གྱི་ཆེད་དུ་ཞབས་འདེགས་ལེགས་འབུལ་ཞུས་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་སོགས་ཉིན་དྲུག་གི་རིང་མུ་མཐུད་ལྷན་ཚོགས་གནང་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org