རྒྱ་ནག་གི་འཇིགས་སྐུལ་མ་བལྟོས་པར་མགོན་པོ་སྐྱིད་ལགས་ནས་མུ་མཐུད་བརྙན་ལམ་བརྒྱུད་རྡོ་རྗེ་བཀྲ་ཤིས་ཀློད་གྲོལ་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག
གནས་ཚུལ་མཁོ་སྤྲོད་པའི་དེ་འབྲེལ་བརྙན་ཞིག་མཁོ་སྤྲོད་གནང་བའི་ནང་། མགོན་པོ་སྐྱིད་ལགས་ནས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཚེ་བཙོན་ཁྲིམས་ཐག་བཅད་པ་ཁྲིམས་འགལ་ཡིན་པ་དང་། ཁྲིམས་འགལ་བྱེད་མཁན་གཏེ་བོ་དེ་བོད་རང་སྐྱོང་ལྗོངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོ་ཡིན་པ་སོགས་འགྲེལ་བརྗོད་བྱེད་བཞིན་འདུག
- 2023-05-09
-
-
-
Your browser doesn’t support HTML5 audio
ཕྱི་ཟླ་༥ཚེས་༣ཉིན་བོད་ཀྱི་ཚོང་བ་ཆེན་མོ་དང་རྒྱ་ནག་གི་བཙོན་འོག་ཏུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས། རྒྱ་ནག་ཉེན་རྟོག་པས་སུན་བཙེར་དང་དམ་དྲགས་འཇིགས་སྐུལ་ལ་མ་བལྟོས་པར་བསྐྱར་དུ་བརྙན་ལམ་བརྒྱུད་རྡོ་རྗེ་བཀྲ་ཤིས་ལགས་་ཀྱི་ཁྲིམས་ཆད་དྲང་བདེན་དང་ཁོང་ཀློད་གྲོལ་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པའི་དེ་འབྲེལ་བརྙན་ཞིག་མཁོ་སྤྲོད་གནང་བའི་ནང་། མགོན་པོ་སྐྱིད་ལགས་ནས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཚེ་བཙོན་ཁྲིམས་ཐག་བཅད་པ་ཁྲིམས་འགལ་ཡིན་པ་དང་། ཁྲིམས་འགལ་བྱེད་མཁན་གཏེ་བོ་དེ་བོད་རང་སྐྱོང་ལྗོངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོ་ཡིན་པ་སོགས་འགྲེལ་བརྗོད་བྱེད་བཞིན་འདུག
བརྙན་ནང་དུ་མགོན་པོ་སྐྱིད་ལགས་ནས་མུ་མཐུད་རྒྱལ་ཁབ་ཀྱི་ཁྲིམས་ནི་དཔོན་པོ་དང་མང་ཚོགས་གཉིས་ཀས་འཁུར་དགོས་པ་རེད། ཡིན་ནའང་འདི་གར་དཔོན་པོས་ཁྲིམས་འགལ་བྱས་ཀྱང་ཉེས་ཁྲིམས་འཁུར་མི་དགོས་པ་དང་།མང་ཚོགས་ཀྱིས་ཁྲིམས་འགལ་བྱས་ན་ཉེས་ཁྲིམས་འཁུར་དགོས་ཀྱི་འདུག། ཁྲིམས་ཁང་ལ་ཁྲིམས་དཔོན་ཚོའི་ཁྲིམས་འགལ་བྱས་ཉེས་ཐེར་འདོན་དགོས་པའི་ཞུ་གཏུག་བྱས་ཀྱང་ཁྲིམས་ཁང་ནས་གནད་དོན་དེར་ཡ་ལན་ཙམ་ཡང་མེད་པ་མ་ཟད། དེ་འབྲེལ་ཞུ་གཏུགས་ཀྱི་ཡིག་ཆ་ཚང་མ་ང་ཚོའི་ལག་ནས་འཕྲོགས་ཏེ་གད་སྙིགས་ནང་ལ་གཡུགས་སོང་བ་དང་། གལ་ཏེ་ང་ཚོ་མང་ཚོགས་ཀྱིས་ཁྲིམས་འགལ་གྱི་བྱས་ཉེས་འདི་ལྟ་བུ་བསགས་པ་ཡིན་ན། ང་ཚོའི་མགོ་ཐོག་ལ་ཉེས་ཁྲིམས་འདྲ་མིན་གཡོགས་ནས་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་བརྗོད་བཞིན་འདུག
ཉེ་སྔོན་ཕྱི་ཟླ་༤་ཚེས་༢༥ཉིན་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་གཉིས་བོད་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་ངོ་རྒོལ་དང་འབྲེལ། རྒྱ་ནག་ཉེན་རྟོག་པས་མགོན་པོ་སྐྱིད་ཀྱི་ངོ་རྒོལ་སྐབས་མི་མང་གིས་མི་མཐོང་ཆེད་རས་ཡོལ་ནག་པོས་མཐའ་སྐོར་བ་སོགས་བྱས་ཡོད་པ་དང་། ཕྱི་ཚེས་༢༦ཉིན་གྱི་སྔ་དྲོ་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་གཉིས་བསྐྱར་དུ་འཛིན་བཟུང་གིས་ལྷ་ས་བཀག་སྐྱིལ་ཁང་དུ་ཕྱི་ཚེས་༢༧གྱི་མཚན་དཀྱིལ་བར་རྡུང་རྡེག་འདྲི་རྩད་བྱས་ཏེ་གློད་ཡོད་ཀྱང་། བསྐྱར་དུ་ངོ་རྒོལ་རིགས་བྱས་ཚེ་ཁོང་གཉིས་དངོས་སུ་འཛིན་བཟུང་བྱ་རྒྱུའི་འཇིག་སྐུལ་སོགས་བྱས་ཡོད་ན་ཡང་། རྗེས་སུ་མགོན་པོ་སྐྱིད་ལགས་ནས་ཉེན་རྟོག་པས་འཛིན་བཟུང་དང་མ་བསད་བར་དུ་ངོ་རྒོལ་མཚམས་འཇོག་རྒྱུ་མིན་པའི་རྒོལ་གཏམ་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།