མགོན་པོ་སྐྱིད་ལགས་ནས་བསྐྱར་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་ཁྲིམས་ཆད་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ངོ་རྒོལ་བྱས་པར་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་བསྐྱར་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་ཁྲིམས་ཆད་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ངོ་རྒོལ་བྱས་པར། རྒྱ་ནག་གཞུང་འབྲེལ་ལྷ་ས་སྤྱི་བདེ་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་བཙན་ཐབས་ཀྱིས་ཉེན་རྟོག་རླངས་འཁོར་ནང་བཅུག་སྟེ་ཁྲིད་ཡོད་པ།

ཕྱི་ཟླ་༥ཚེས་༡༦ཉིན་བོད་ནང་གི་སྔ་དྲོར་བོད་ཀྱི་ཚོང་བ་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས། བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་བསྐྱར་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་ཁྲིམས་ཆད་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ངོ་རྒོལ་བྱས་པར། བོད་འབྱོར།

དེ་རིང་ཕྱི་ཟླ་༥ཚེས་༡༦ཉིན་བོད་ནང་གི་སྔ་དྲོར་བོད་ཀྱི་ཚོང་བ་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ནས། བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་བསྐྱར་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་ཁྲིམས་ཆད་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ངོ་རྒོལ་བྱས་པར། རྒྱ་ནག་གཞུང་འབྲེལ་ལྷ་ས་སྤྱི་བདེ་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་བཙན་ཐབས་ཀྱིས་ཉེན་རྟོག་རླངས་འཁོར་ནང་བཅུག་སྟེ་ཁྲིད་ཡོད་པ་དང་། ད་ལྟའི་ཆར་དངོས་སུ་འཛིན་བཟུང་བྱས་མིན་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པ། འབྲེལ་ཡོད་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ནས་མགོན་པོ་སྐྱིད་ལགས་ཀྱིས་ངོ་རྒོལ་བྱེད་བཞིན་པའི་བརྙན་གཉིས་མཁོ་སྤྲོད་གནང་བའི་ནང་། ཁོ་མོས་བོད་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་ངོ་རྒོལ་བྱེད་བཞིན་པ་དང་འབྲེལ། སྤྱི་བདེ་ཉེན་རྟོག་པ་ཁག་ཅིག་ཡོང་སྟེ་བཙན་ཀྱིས་ཁྲིད་ཐབས་བྱེད་བཞིན་པར། མགོན་པོ་སྐྱིད་ལགས་ནས་ཉེན་རྟོག་པ་ཚོར་ཁྱེད་ཚོས་ང་གནས་འདིར་མ་བསད་བར་དུ་འགྲོ་རྒྱུ་མིན་ཞེས་བཤད་བཞིན་པར། ཉེན་རྟོག་པ་ཚོས་བོད་སྐད་ལམ་ནས་ཡར་ལོངས་དང་ཁོ་མོ་ཡར་སློང་ཞེས་སྐད་ཆ་བཤད་བཞིན་པ་གོ་ཐོས་འདུག་ལ། ཡང་ཕྱི་ཚེས་༡༥ཉིན་ངོ་རྒོལ་བྱས་པའི་བརྙན་གཉིས་པ་ཞིག་མཁོ་སྤྲོད་གནང་བའི་ནང་། མགོན་པོ་སྐྱིད་ལགས་ནས་བོད་ལྗོངས་མི་མང་ཁྲིམས་ཁང་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་ཁྲིམས་ཆད་ལ་དྲང་བདེན་གྱི་ཐག་གཅོད་དགོས་པའི་ངོ་རྒོལ་དང་འབྲེལ། ཁྲིམས་ཁང་མདུན་ཐང་དུ་ཞུ་བ་བྱས་ཏེ་རྐྱང་ཕྱག་འཚལ་བཞིན་པ་མཐོང་རྒྱུ་འདུག

འདི་ལོའི་ཕྱི་ཟླ་༤ཚེས་༢༥ཉིན་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་གཉིས་བོད་ལྗོངས་མི་མང་ཁྲིམས་ཁང་མདུན་དུ་ངོ་རྒོལ་དང་འབྲེལ། རྒྱ་ནག་ཉེན་རྟོག་པས་མགོན་པོ་སྐྱིད་ཀྱི་ངོ་རྒོལ་སྐབས་མི་མང་གིས་མི་མཐོང་ཆེད་རས་ཡོལ་ནག་པོས་མཐའ་སྐོར་བ་སོགས་བྱས་ཡོད་པ་དང་། ཕྱི་ཚེས་༢༦ཉིན་གྱི་སྔ་དྲོ་མགོན་པོ་སྐྱིད་དང་ཁོང་གི་བཟའ་ཟླ་གཉིས་བསྐྱར་དུ་འཛིན་བཟུང་གིས་ལྷ་ས་བཀག་སྐྱིལ་ཁང་དུ་ཕྱི་ཚེས་༢༧གྱི་མཚན་དཀྱིལ་བར་རྡུང་རྡེག་འདྲི་རྩད་བྱས་ཏེ་གློད་ཡོད་ཀྱང་། བསྐྱར་དུ་ངོ་རྒོལ་རིགས་བྱས་ཚེ་ཁོང་གཉིས་དངོས་སུ་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་སོགས་བྱས་ཡོད་ན་ཡང་། རྗེས་སུ་མགོན་པོ་སྐྱིད་ལགས་ནས་ཉེན་རྟོག་པས་འཛིན་བཟུང་དང་མ་བསད་བར་དུ་ངོ་རྒོལ་མཚམས་འཇོག་རྒྱུ་མིན་པའི་རྒོལ་གཏམ་བཏང་ཡོད་པ་རེད།  

རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་༥ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org