གོར་ཁའི་དམག་མི་རྙིང་པས་དབྱིན་ཇིའི་གཞུང་ལ་དགོས་འདུན།

བལ་པོའི་གོར་ཁའི་དམག་མི་རྙིང་པ་ལྷག་ལུས་ཚོས་ཁོང་རྣམས་ལ་དབྱིན་ཇིའི་མི་སེར་གྱི་ཐོབ་ཐང་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

༄༅༎དེ་སྔ་འཛམ་གླིང་གི་དམག་ཆེན་དང་པོ་གཉིས་པའི་སྐབས་དབྱིན་ཇིའི་དམག་ཁོངས་སུ་ཞུགས་པའི་བལ་པོའི་གོར་ཁའི་དམག་མི་རྙིང་པ་ལྷག་ལུས་ཚོས་དེ་རིང་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་ནང་གི་མཐོ་རིམ་ཁྲིམས་ཁང་མདུན་ངོ་རྒོལ་གྱི་གོམ་བགྲོད་བྱས་ཏེ་ཁོང་རྣམས་ལ་དབྱིན་ཇིའི་མི་སེར་གྱི་ཐོབ་ཐང་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་དེའི་ནང་རྒྱ་གར་ནང་སྐྱེས་ཞིང་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་ཇོ་ཨེ་ན་ལུམ་ལི་ཞུ་བ་ཡང་མཉམ་ཞུགས་གནང་སྟེ་ཁོང་གི་པཱ་ལགས་དེ་སྔ་དབྱིན་ཇིའི་དམག་ཁོངས་སུ་ཞུགས་མྱོང་བའི་གོར་ཁའི་དམག་མི་ཞིག་ཡིན་པ་དང༌། དེ་ཡང་ཁོང་གིས་གསར་འགོད་པར། ངའི་པཱ་ལགས་སུ་མཚོན་ན་དབྱིན་ཇིའི་དམག་དཔུང་ནང་མི་ལོ་༣༠ལྷག་ཞབས་འདེགས་ཞུས་མྱོང་ཡོད་པ་བཞིན་དེ་དང་འདྲ་བའི་གོར་ཁའི་དམག་མི་མང་པོ་ཞིག་ད་དུང་དབྱིན་ཇིའི་དམག་དཔུང་ནང་ཡོད་པ་དང་ཁོང་ཚོས་མི་ལོ་མང་པོའི་རིང་དབྱིན་ཇིའི་གཞུང་གི་ཆེད་དུ་དམག་དཔུང་ནང་ཞུགས་ཏེ་ཞབས་འདེགས་ཞུས་པ་དེར་ད་ཆ་དབྱིན་ཇིའི་གཞུང་གིས་ཁོང་རྣམས་དབྱིན་ཡུལ་ནང་གཏན་དུ་གནས་སྡོད་ཆོག་པའི་ཐོབ་ཐང་མ་སྤྲད་པ་དེ་ནི་ངོ་ཚ་དགོས་པའི་གནས་ཚུལ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན་གོར་ཁ་དམག་མི་ཚོའི་ཐོབ་ཐང་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་མའར་ཊིན་ཧའོ་ཞུ་བས་དབྱིན་ཇི་གཞུང་གིས་གོར་ཁའི་དམག་མི་རྙིང་པ་ཚོས་དེ་སྔ་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཐབ་བྱས་པར་བརྟེན་ནས་ཁོང་ཚོའི་ཐོག་ཁྲིམས་མཐུན་ཐོག་བལྟ་རྟོགས་ཡག་པོ་བྱེད་དགོས་པའི་སྐོར་གསུང་ཡོད་པ་དང་། དེ་སྔ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་གོར་ཁའི་དམག་མི་འབུམ་གཉིས་ཙམ་དབྱིན་ཇིའི་དམག་ཁོངས་སུ་ཞུགས་ཏེ་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཆེད་དུ་དམག་འཐབ་བྱས་ཏེ་དམག་མི་བཞི་ཁྲི་ལྔ་སྟོང་ལྷག་རྐྱེན་ལམ་དུ་ཕྱིན་པ་དང་དམག་མི་གསུམ་སྟོང་ལྔ་བརྒྱ་ཙམ་མུ་མཐུད་དབྱིན་ཇིའི་དམག་ཁོངས་སུ་ཞབས་འདེབས་ཞུ་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org