བལ་ཡུལ་དུ་ཕྲུ་གུ་མང་པོར་ཟད་བཅུད་མི་འདེང་པའི་དཀའ་ངལ།
བལ་ཡུལ་ནང་ལོ་ན་ལྔ་མན་གྱི་ཕྲུ་གུ་མང་པོར་ཟས་བཅུད་མི་འདེང་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་སྙན་ཐོ་བཏོན་ཡོད་འདུག
-
2010-11-04 -
-
-
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་ནས་སྙན་ཐོ་བཏོན་པ་ནང་གསལ་ལྟར་ན། བལ་ཡུལ་ནང་སྐར་ཆ་རེ་རེའི་ནང་ལོ་ན་ལྔ་མན་ཆད་ཀྱི་ཕྲུ་གུ་མང་པོར་ཟས་བཅུད་མི་འདེང་པའི་དཀའ་ངལ་འཕྲད་ནས་ཡང་ན་ནད་གཅོང་ཆགས་པ་དང་ཡང་ན་གཟུགས་ཚད་མི་ལོང་བའི་གནས་སྟངས་སུ་འགྱུར་བཞིན་ཡོད་པ་དེས་རྐྱེན་པས་རྒྱལ་ཁབ་ཡར་རྒྱས་འགྲོ་རྒྱུར་ཡང་རང་བཞིན་གྱི་དོ་ཕོག་ཡོད་འདུག གོང་ཞུས་གནས་ཚུལ་ནང་བཀོད་པར་ལྟར་ན། བལ་ཡུལ་ནང་དཀའ་ངལ་འདི་ལྟབུ་འཕྲད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་ཡུལ་ནང་ནང་ཁུལ་མའོའི་གྱེན་ལོག་ཤོག་ཁག་གི་རྙོག་ཁྲ་དང་དེ་ནས་རིམ་པས་ཆབ་སྲིད་ཀྱི་བརྟན་ལྷིང་མེད་པ།
ལྷག་པར་དུ་འདས་པའི་ཟླ་བ་འགའ་ཤས་ནས་བཟུང་ཡུལ་གྱི་སྲིད་བློན་བསྐོ་འདེམས་བྱེད་རྒྱུར་ཐེངས་བཅོ་ལྔ་ཙམ་ཐབས་ཤེས་གནང་ཡང་དོན་འབྲས་མ་སོན་པར་ད་ལྟའང་ཕྲལ་སེལ་གཞུང་འཛིན་བཞིན་ཡོད་པ་བཅས་ཡུལ་ནང་འཛིན་སྐྱོང་ཚགས་ཚུད་པོ་མེད་པ་དེས་ལུང་པ་ཡར་རྒྱས་འགྲོ་མི་ཐུབ་པ་སོགས་ཀྱི་རྐྱེན་ཡིན་ལུགས་བཀོད་འདུག
ཡང་སྙན་ཐོ་དེའི་ནང་། ཡུལ་ནང་སྐྱོ་པོ་ཉམས་ཐག་གི་ཕྲུ་གུ་ཚོར་ཟས་བཅུད་མི་འདེང་པའི་དཀའ་ངལ་ཆེན་པོ་ཡོད་པ་དང་། དེ་ལས་ལྡོག་སྟེ་ཡུལ་ནང་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཡང་བཀོད་ཡོད་པ་རེད། སྤྱིར་བཏང་བལ་ཡུལ་འདི་བཞིན་འཛམ་གླིང་ཡུལ་གྲུ་ནང་ནས་སྐྱོ་ཤོས་གྲས་ཤིག་ཏུ་ངོས་འཛིན་བྱེད་པ་དང་། རྒྱལ་ཁབ་རང་ཁ་རང་གསོ་ཡོང་རྒྱུར་དམིགས་རྟེན་གཙོ་བོ་རྒྱལ་སྤྱིའི་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད་པ་རེད།།