ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སོག་ཡུལ་ནང་འཁྲུངས་རྒྱུ།

༧གོང་ས་མཆོག་གིས་སོག་པོ་ཚོར་ཁྲི་ཐོན་པོའི་སྟེང་ཡོན་ཏན་རྩ་བ་ནས་མེད་པའི་རྗེ་བཙུན་དམ་པ་གཅིག་བཞག་ན་ཕན་ཐོགས་མེད་གསུངས་འདུག

༧གོང་ས་མཆོག་གིས་སོག་པོའི་དད་ལྡན་པར་ཆོས་འབྲེལ་གནང་བཞིན་པ། ༢༠༡༤།༡༢།༢ སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་སོག་པོ་ཚོར་ཁྲི་ཐོན་པོའི་སྟེང་ཡོན་ཏན་རྩ་བ་ནས་མེད་པའི་རྗེ་བཙུན་དམ་པ་གཅིག་བཞག་ན་ཕན་ཐོགས་མེད་གསུངས་འདུག
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ཉིན་གཉིས་པའི་སྐབས་སུ་ ཧོར་གྱི་བསྟན་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སོག་ཡུལ་ནང་འཁྲུངས་རྒྱུ་ཡིན་སྐོར་སོག་པོའི་ཆོས་ཞུ་བ་རྣམས་ལ་བཀའ་སྩལ་གནང་མཛད་འདུག  
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་ཡུལ་ནས་བཅར་བའི་དད་ལྡན་པ་གཙོ་བོར་གྱུར་པའི་ཆོས་ཞུ་བ་བཞི་སྟོང་བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོའི་གསུང་ཆོས་གནང་སྐབས། ཚེས༣ཉིན་༧གོང་ས་མཆོག་གིས་ཁལ་ཁ་རྗེ་བཙུན་དམ་དེ་མགོན་པོ་གང་ཉིད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ༧གོང་ས་མཆོག་དགུང་ལོ་བཅུ་གྲངས་ཡིན་དུས་རྗེ་བཙུན་དམ་པ་དགུང་ལོ་ལྔ་ཙམ་ཡིན་པ་ཡོད། སྐབས་དེ་དུས་ངེད་གཉིས་ངོ་ཤེས་ཡིན། ཁོང་རྒྱ་གར་ལ་ཕེབས་པའི་རྗེས་སུ་བསྟན་པའི་ཞབས་འདེགས་ཧ་ཅང་ཡག་པོ་བསྒྲུབས་སོང་། ངོས་ཀྱི་བསམ་བློར་གང་ཡོད་པ་རིན་པོ་ཆེས་དེ་བཞིན་གནང་གི་རེད། རིན་པོ་ཆེ་ཁ་ལ་ཉན་པོ་དང་དམ་ཚིག་གཙང་མ་ཧ་ཅང་ཡག་པོ་ཡོད། རིན་པོ་ཆེ་མ་གཤེགས་གོང་ངོས་རང་མཇལ་རྒྱུ་བྱུང་བའི་སྐབས་སུ་ངོས་ཀྱིས་རིན་པོ་ཆེར་སྐུ་གཟུགས་ཧ་ཅང་སྐྱོ་པོ་འདུག སྐུ་ཚེ་རྗེས་མའི་དགོངས་པ་བཞེས་རྒྱུའི་དུས་ཚོད་སླེབས་འདུག ཡང་སྲིད་རྗེས་མ་ཡིན་གཅིག་སོག་ཡུལ་ནང་འཁྲུངས་ཐུབ་པ་གནང་དགོས་ཞེས་ཞུས་པ་ཡིན། རིན་པོ་ཆེ་ཏན་ཏན་སོག་ཡུལ་ནང་འཁྲུངས་ཀྱི་རེད། སོག་ཡུལ་ནང་འཁྲུངས་རྒྱུའི་མཚན་མ་དེ་འདྲ་ཡང་འདུག ཁྱེད་རང་ཚོས་གལ་ཆེ་ཤོས་དགེ་བ་ཡག་པོ་སྒྲུབ་དགོས། དགེ་བ་སྒྲུབ་པར་སློབ་གཉེར་ཡག་པོ་བྱེད་དགོས། དམིགས་བསལ་ཞབས་རིམ་བྱེད་རྒྱུ་ཡིན་པས་ཁྱེད་རང་སྐྱ་སེར་ཚང་མས་འཇམ་དཔལ་མཚན་བརྗོད་གསོག་བསྒྲུབ་བྱས་ཚེ་ཡང་སྲིད་འཕྲུལ་མེད་ཕེབས་རྒྱུར་ཕན་ཐོགས་ཡོད་སྐོར་སོགས་བཀའ་སྩལ་གནང་མཛད་འདུག ཡང་༧གོང་ས་མཆོག་གིས་ཡང་སྲིད་ཕེབས་པའི་རྗེས་སུ་སོག་ཡིག་ཐོག་བསྒྱུར་པའི་གཞུང་དེ་དག་བསླབ་དགོས། ལམ་སེང་ཁྲི་ཐོན་པོའི་སྟེང་ཡོན་ཏན་རྩ་བ་མེད་པའི་རྗེ་བཙུན་དམ་པ་གཅིག་བཞག་ན་ཕན་ཐོགས་མེད། ༧གོང་ས་ལྔ་པ་ཆེན་པོས་ཁོང་ལ་ཡོད་པའི་ཤེས་ཡོན་དེ་དག་བསླབ་ནས་ཤེས་པ་ཞིག་ཡིན་པ་ལས་ཁྲི་ཐོན་པའི་སྟེང་བཞུགས་ཏེ་མ་བསླབ་པར་མཁྱེན་པ་ཞིག་མིན་ཞེས་དུས་རྟག་ཏུ་འདི་ལྟར་གསུངས་ཀྱི་ཡོད་ཅེས་བཀའ་སློབ་སྩལ་བའི་རྗེས་སུ་གསུང་ཆོས་མུ་མཐུད་ནས་སྩལ་གནང་མཛད་འདུག
ཆེན་པོ་ཧོར་གྱི་བསྟན་བདག་དང་ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ཕྱི་ལོ་༢༠༡༢་ལོར་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཀྲོར་ནང་གི་དགའ་ལྡན་ཐེག་ཆེན་དགོན་པར་དགོངས་པ་གཞན་དུ་གཤེགས་ཚུལ་བསྟན་ཡོད་པ་རེད

གསར་འགོད་བསོད་ནམས་ལྷ་མོ།

ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org