རྒྱ་གར་གྱིས་བཙན་བྱོལ་བོད་མིའི་གློ་ནད་འགོག་སྲུང་མཉམ་རུབ་གནང་རྒྱུ།
རྒྱ་གར་གཞུང་དང་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་འཕྲོད་བསྟེན་ལས་ཁུངས་གཉིས་དབར་གློ་ནད་སྨན་བཅོས་འགོག་སྲུང་མཉམ་རུབ་གནང་རྒྱུ།
-
2016-04-05 -
-
-
རྒྱ་གར་གཞུང་གི་འཕྲོད་བསྟེན་ལྷན་ཁང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་གཉིས་དབར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁུལ་གློ་ནད་TB་སྨན་བཅོས་འགོག་སྲུང་མཉམ་རུབ་གནང་རྒྱུའི་ལས་འཆར་ལ་ལོ་གཉིས་དང་ཕྱེད་ཀའི་དཔལ་འབྱོར་རོགས་རམ་གནང་རྒྱུའི་མཐུན་གྲོས་ཤིག་བཞག་གནང་འདུག།
རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་ལྷན་ཁང་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དབར་བཞག་གནང་བའི་མཐུན་གྲོས་དེའི་འོག། བོད་པའི་སྤྱི་ཚོགས་ནང་གློ་ནད་TB་སྔོན་འགོག་དང་སྨན་བཅོས་ཀྱི་ལས་འཆར་ལ་ལོ་གཉིས་དང་ཕྱེད་ཀའི་དཔལ་འབྱོར་རོགས་རམ་གནང་རྒྱུའི་དུས་ཚོད་དེ་༢༠༡༥ལོའི་ཕྱི་ཟླ་༡༠པའི་ཚེས་༡ནས་༢༠༡༧ལོའི་ཕྱི་ཟླ་༡༢་པའི་བར་རེད་འདུག་གོང་ཞུས་ལས་འཆར་དེའི་འོག་བོད་མི་གནས་འཁོད་ས་གནས་ཁག་ནང་གློ་ནད་TB་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་། བོད་པའི་གཞིས་ཆགས་དང་མི་ཚོགས་ཆེ་བའི་སློབ་གཉེར་གནང་ས་ཁག་ལ་TB ནད་གཞི་ཡོད་མཁན་རྩད་ཞིབ་དང་འབྲེལ་ནང་ཁུལ་ནད་གཞི་དེ་འགོས་ཁྱབ་མི་འགྲོ་བའི་སྨན་བཅོས་སྔོན་འགོག་གནང་རྒྱུ། གློ་ནད་ཀྱིས་མནར་བའི་ནད་པར་དུས་ཐོག་འཐུས་ཤོར་མེད་པར་སྨན་མ་ཆད་པ་བཟའ་རུ་འཇུག་རྒྱུའི་སྨན་བཅོས་ལག་བསྟར་གནང་རྒྱུ། TB་སྨན་བཅོས་ཀྱི་མཐུན་རྐྱེན་དང་སྨན་ཞབས་ལས་དོན་བྱེད་མཁན་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཡིན་པ་རེད།
རྒྱ་གར་ནང་གི་བོད་པའི་གཞིས་ཆགས་ཆེ་ཁག་༡༥འི་ནང་གློ་ནད་TB་ཡོད་མཁན་ཚོར། སྨན་བཅོས་དུས་ཐོག་གནང་ཐུབ་མཁན་གྱི་སྨན་པ་དང་སྨན་ཞབས་སོགས་ཡོད་པའི་ལས་དོན་རུ་ཁག་གིས་སློབ་གྲྭ་དང་གདན་ས་ཁག་དང་མི་མང་གནས་སྡོད་ཁྱིམ་ཚང་ཁག་ལ་TB་ནད་གཞི་སྔོན་འགོག་གི་ལས་དོན་གནང་རྒྱུའི་ལམ་སྟོན་ཡོད་པ་མ་ཟད། ནད་དེ་ཕོག་པའི་དོགས་གཞི་ཡོད་མཁན་གྱི་ལུད་པར་བརྟག་དཔྱད་དང་། ཉེ་ལ་ཉེ་འཁོར་གྱི་ནང་མི་སྤུན་མཆེད་ཚོར་ཡང་འགོས་ཁྱབ་མི་འགྲོ་བའི་སྔོན་འགོག་གནང་ཡག་རེད་འདུག།
ད་དུང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པའི་ནད་པ་ཚོར་རིན་མེད་སྨན་དང་སྨན་བཅོས་གནང་རྒྱུའི་འཆར་གཞི་ཡང་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།