བོད་ནང་རྟ་རྒྱུག་དང་མེ་བསྲེགས་བར་གླེང་ཕྱོགས་ཤུགས་ཆེ་བ།
བོད་ནང་ཛ་དྲག་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བཞིན་པའི་སྐབས། ཀན་ལྷོ་རྨ་ཆུ་རྫོང་དུ་གླིང་གི་རྟ་རྒྱུག་ཞེས་བ་བྱེད་བཞིན་པར་བོད་མིའི་སྤྱི་ཚོགས་ཁྲོད་བློ་ཕམ་སོགས་གླེང་ཕྱོགས་འདྲ་མིན་ཡོང་བཞིན་པ་རེད།
-
2012-08-16 -
-
-
དེ་ཡང་རྟ་རྒྱུགས་སྐབས་ཨང་དང་པོ་ཐོབ་མཁན་ལ་རྒྱ་སྒོར་འབུམ་གཅིག་དང་། ཨང་གཉིས་པར་སྒོར་ཁྲི་ལྔ། ཨང་གསུམ་པར་སྒོར་ཁྲི་བཞི། ཨང་བཞི་བར་སྒོར་ཁྲི་གསུམ་སོགས་སྤྲོད་རྒྱུ་བྱས་ནས་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་སྐབས་དྲུག་པའི་གེ་སར་གླིང་གི་རྟ་རྒྱུགས་རྒྱལ་འཇོག་འགྲན་ཚོགས་བསྡུས་ཏེ། ས་ཁུལ་སོ་སོའི་བལྟད་མོ་བ་ཁྲི་གཉིས་ལྷག་འཛོམས་པ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། གནས་སྟངས་དེར་བོད་མིའི་སྤྱི་ཚོགས་ཁྲོད་སྐབས་འདི་འདྲ་ཞིག་ལ་རྟ་རྒྱུག་འགྲན་ཚོགས་བསྡུ་བ་འོས་འཚམ་མིན་པའི་འདོད་ཚུལ་གླེང་མཁན་དང་། རྣམ་འགྱུར་སྟོན་མཁན་ཡང་ཧ་ཅང་མང་བོ་ཡོང་བཞིན་པར། དཔེར་ན་བོད་ནང་གི་དྲ་ལམ་ཁག་དུ་བོད་མི་ཚོས་བསམ་ཚུལ་གླེང་ཕྱོགས་འཁོད་འདུག་པ་དེ་ཡང་གཅིག་གིས། རྨ་རྫོང་རྟ་གཤིབ་བྱས་ནས་དགའ་སྤྲོ་བྱ། རྔ་རྫོང་མེ་མཆོད་བྱས་ནས་བདེན་མཐའ་བསྙེག མི་རིཊ་གཅིག་ལ་འདི་འདྲའི་ལས་དབང་གཉིས་ཞེས་དང་། ད་དུང་གཞན་ཞིག་གིས། རྨ་ཆུ་ནས་ཤོག་སྦག་སྒོར་ཁྲི་༣༠་ལྷག་བཀད་པའི་རྟ་རྒྱུགས་སྟོན་མོ་དེས། བོད་མི་ལྔ་བཅུ་ལྷག་གིས་རང་ལུས་མེ་ལ་སྒྲོན་པར་གདུང་བསམ་མཉམ་བསྐྱེད་བྱས་ཨི་རེད། ཡང་གཞན་དུ་བོད་མི་ས་ཡ་དྲུག་དང་རིགས་གཞུང་སོགས་ཆེད་དུ།གངས་ཅན་བོད་མི་མང་པོས་ལུས་སྲོག་བཏང་ཀྱང་། རྨ་ཆུའི་བོད་མིའི་སེམས་ལ་རྨ་ཁ་ཙམ་མི་འདུག་ཞེས་བ་སོགས་འཁོད་འདུག།
སྤྱིར་བཏང་ཉེ་བའི་ལོ་ཤས་གོང་བོད་ཁུལ་གྱི་ས་གནས་གང་ས་གང་དུ་རྟ་རྒྱུག་འགྲན་རྩོད་བྱེད་པའི་རླབས་ཤིག་འཕྱུར་ཡོད་པ་༢༠༠༨ བོད་མིའི་ཞི་རྒོལ་རྗེས་རྒྱ་ནག་གིས་མི་ཉུང་བ་བཀག་བསྡོམས་བྱས་ཡོད། འོན་ཀྱང་དེང་སང་བསྐྱར་དུ་བོད་ནང་གི་ས་གནས་གང་སར་སྔ་ཕྱིར་རྟ་ རྒྱུག་འགྲན་ཚོགས་རེ་ཚོགས་དང་འཚོགས་ཀྱིན་ཡོད་པར་རྒྱབ་ལྗོངས་གསལ་བོ་མེད་ཐོག་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཆབ་སྲིད་ཀྱི་དགོས་མཁོར་བེད་སྤྱོད་ཆེད་བཀག་བསྡོམས་སོགས་གང་ཡང་མེད་པར་ད་དུང་མཐུན་འགྱུར་རྒྱབ་སྐྱོར་བྱེད་བཞིན་པ་བོད་མི་དོ་སྣང་ཅན་ཚོས་བཤད་བཞིན་པ་རེད།
དུས་མཚུངས་ཚེས་ ༡༣ ཉིན་བོད་ཨ་མདོ་རྔ་བ་ནས་བོད་མི་བཀྲ་ཤིས་དང་། དགེ་འདུན་པ་ལུང་རྟོགས་གཉིས་ཀྱིས་རྔ་པ་ཀིརྟི་དགོན་པའི་འདབས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་བ་དང་། ཚེས་ ༡༤་ཉིན་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་བོད་མི་ཚོས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པའི་བྱ་སྤྱོད་ལ་ངོ་རྒོལ་གྱིས་མི་མང་བརྒྱ་ཕྲག་འགས་ལག་ཏུ་འཕྲེད་དར་འཕྱར་བཞིན་སྐད་འབོད་གོམ་བགྲོད་གནང་མ་ཐག་རྨ་ཆུའི་རྟ་རྒྱུགས་བྱེད་ཁུལ་དུ་དྲག་ཆས་དམག་མི་མངོན་གསལ་དོད་པོས་ཇེ་མང་ལ་བཏང་ཡོད་པ་ཕྱི་ཕྱོགས་སུ་འདྲ་པར་དང་བཅས་འབྱོར་ཡོད།