ཆོས་ཞུ་བ་༥༠༠༠ལྷག་ལ་གསུང་ཆོས།
༸གོང་ས་མཆོག་ནས་ལྡི་ལི་རུ་དད་ལྡན་ཆོས་ཞུ་བ་རྣམས་ལ་དུས་རབས་༢༡པའི་ནང་པ་ཞིག་བྱ་དགོས་པའི་བཀའ་སློབ་བསྩལ་ཡོད་པ།
-
2013-03-09 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་ ༣ ཚེས་ ༩ ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་མོས་ཚལ་ཞེས་པའི་སྤྱི་གླིང་དེའི་ནང་། བོད་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སེར་སྐྱ་མི་རིགས་དང། རྒྱ་གར་བ་དང་གཞན་ཡང་ཕྱིའི་ཡུལ་གྲུ་ཁག་གི་མི་རིགས་སོགས་ཁྱོན་བསྡོམས་དད་ལྡན་ཆོས་ཞུ་བ་མི་གྲངས་ལྔ་སྟོང་ནས་དྲུག་སྟོང་ཙམ་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནང་ཆོས་ངོ་སྤྲོད་གནང་སྐབས་རང་ཉིད་ནང་པ་ཡིན་ཞེས་བརྗོད་མཁན་དང་ནང་ཆོས་དོན་གཉེར་ཅན་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ངོ་མ་ཤེས་པ་བྱེད་དགོས་པ་དང། དེ་ཤེས་པར་ངེས་པར་དུ་ནང་ཆོས་ལ་སློབ་སྦྱོང་བྱེད་ནས། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་པ་བཀའ་གནང་འདུག། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ལས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་ཀྱི་ལྟ་བ་བཅས་ཡིན་པས་དེ་དག་བརྒྱུད་ལ་སྐྱེས་པ་བྱ་རྒྱུ་ནི་ནང་པ་ངོ་མ་ཞིག་གི་ལས་འགན་གཙོ་བོ་དེ་ཡིན་པ་བཀའ་གནང་འདུག།