༸གོང་ས་མཆོག་ལྡི་ལི་དང་ཉི་ཧོང་གི་མཛད་འཆར་སླད་བཞུགས་སྒར་ནས་ཆིབས་བསྒྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་གྱི་ཆིབས་བསྒྱུར་མཛད་འཆར་ཆེད་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན།
-
2018-11-09 -
-
-
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ཟླ༡༡ པའི་ཚེས ༩ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཅིང་། ཚེས ༡༡ ཉིན་ཉི་ཧོང་དུ་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།
མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ ༡༡ པའི་ཚེས ༡༠འི་ཉིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སིཁ་ཆོས་ལུགས་སྲོལ་གཏོད་པ་བླ་ཆེན་གུ་རུ་ནཱ་ནཀ་མཆོག་གི་ལོ ༥༥༠འི འཁྲུངས་སྐར་གྱི་མཛད་སྒོར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར། སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་དང་། ཡང་༧གོང་ས་མཆོག་ནས་པར་རིས་ཀྱི་འགྲེམས་སྟོན་ཞིག་ཀྱང་དབུ་འབྱེད་མཛད་རྒྱུ་ཡིན་འདུག
ཚེས༡༡ ཉིན༧གོང་ས་མཆོག་ལྡི་ལི་ནས་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུ་དང་། ཚེས ༡༢ ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་ཞིང་། ཚེས ༡༤ སྔ་དྲོ་ཡོ་ཀོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་དུ་ཤེས་རབ་སྙིང་པོ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་སྒོ་ནས་ཆོས་འབྲེལ་སྩོལ་གནང་མཛད་རྒྱུ་མ་ཟད། ཚེས ༡༥འི་སྔ་དྲོར་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་གནང་རྒྱུ་དང་། ཚེས ༡༦ ཉིན་ཚན་རིག་པ་གསུམ་དང་ལྷན་དུ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩོལ་གནང་མཛད་རྒྱུ་རེད་འདུག
གཞན་ཡང་ཚེས ༡༧ ཉིན་ཉེ་ཧོང་གི་རྒྱལ་ས་ཊོཀྱོའི་ནང་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་ཚོར་བཀའ་སློབ་དང་། ཚེས ༡༩འི་ཉིན་ཆཱི་སྦ་ཞེས་པའི་གྲོང་ཁྱེར་དུ་ཡོད་པའི་ཤེས་རབ་སྐྱེད་ཚལ་གླིང་ལྟེ་གནས་ཁང་གི་ཚོགས་ཁང་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་བཅས་ཀྱི་མཛད་འཆར་ཡོད་པ་རེད།