འབར་མའི་ནང་བསྒྱུར་བཅོས་ཡོང་བའི་རེ་བ་གསར་པ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་འབར་མའི་ཡུལ་དུ་ཕེབས་པ་དེ་ཡིས་ཡུལ་མི་ཚོས་རྒྱལ་ཁབ་ནང་བསྒྱུར་བཅོས་ཀྱི་སྒོ་མོ་ཕྱེ་རྒྱུའི་རེ་བ་གསར་པ་བྱེད་པ།

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་ད་རེས་འབར་མའི་ནང་ལོ་རྒྱུས་ལྡན་པའི་འཚམས་འདྲིར་ཕེབས་པ་དེ་ཡིས་འབར་མའི་མི་དམངས་ཚོས་རྒྱལ་ཁབ་ནང་བསྒྱུར་བཅོས་ཀྱི་སྒོ་མོ་ཕྱེ་རྒྱུའི་རེ་བ་གསར་པ་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རྩག་རྩིག་ཚོང་མཁན་ཚོང་པ་ཞིག་གིས་རོའུ་ཀྲར་གསར་འགོད་པར། འབར་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གནས་སྟངས་དང་ཐུག་ཡོད། འབར་མའི་རྒྱལ་ཁབ་ནི་ད་ཆ་དཔལ་འབྱོར་གྱི་གནས་སྟངས་སྡུག་རུ་ཕྱིན་ཡོད་པ་དེར་རོགས་རམ་ཞིག་བྱེད་ཐུབ་ན་ཡག་པོ་ཡོང་རྒྱུ་རེད་ཅེས་བཤད་ཡོད་པ་རེད། ལྕམ་ཀི་ལིན་ཀྲེན་ནི་རེས་གཟའ་ལྷག་པའི་ཉིན་འབར་མར་འཚམས་འདྲིར་ཕེབས་འབྱོར་བྱུང་བ་དང༌། ཁོང་ད་རེས་འབར་མའི་ནང་འཚམས་འདྲིར་ཕེབས་པ་དེ་ནི། ཕྱི་ལོ་༡༩༥༥ ནས་བཟུང་ད་བར་མི་ལོ་ལྔ་བཅུ་ལྷག་གི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་རེད། རེས་གཟའ་ཕུར་བུའི་ཉིན་འབར་མའི་རྒྱལ་ས་གསར་པ་ནེ་པི་ཀྲོའོ་དུ་ལྕམ་ཀི་ལིན་ཀྲེན་དང་འབར་མའི་གཞུང་གསར་པའི་དབུ་ཁྲིད་དང་མཇལ་འཛོམས་བཀའ་མོལ་གནང་སྐབས། ལྕམ་ཀི་ལིན་ཀྲེན་མཆོག་གིས། འབར་མའི་ཕྱོགས་ནས་ཕྱི་འབྲེལ་དངོས་ཡོད་དང་མཐུན་པའི་བཅོས་བསྒྱུར་བྱུང་ན། ཨ་མི་རི་ཀས་ཕྱི་འབྲེལ་འགོ་འཛུཌ་རྒྱུ་དང༌། དཔལ་འབྱོར་བཀག་བསྡོམ་ཕྱིར་འཐེན་བྱ་སྲིད་པའི་སྐོར་གསུང་ཡོད་ཅིང༌། དེ་རིང་རེས་གཟའ་པ་སངས་ཉིན་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཆི་དང་མཇའ་འཕྲད་གནང་ཡོད་པར་བརྟེན། འབར་མའི་མི་དམངས་མང་པོ་ཞིག་གིས་ལྕམ་ཀི་ལིན་ཀྲེན་ཡི་ད་རེས་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲི་དེ་ཡིས་བསྒྱུར་བཅོས་ཀྱི་སྒོ་མོ་འབྱེད་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org