༸གོང་ས་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དབུ་འཛུགས།

འབར་མའི་ནང་སངས་རྒྱས་པའི་ཆོས་པས་ཞེན་ཁོག་བྱས་ནས་ཁ་ཆེའི་ཆོས་པ་ཚོར་སྡུག་སྦྱོང་བཏང་བ་ནི་ཧ་ཅང་ཐབས་སྐྱོ་པོ་རེད་ཅེས ༧གོང་ས་མཆོག་གིས་བཀའ་གནང་འདུག

༸གོང་ས་མཆོག་ཆོས་འབྲེལ་ཆེད་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་སྐྱོང་བཞིན་པ།

༄༅།    །དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར།    ཕྱི་ཟླ་༡༡    ཚེས ༣ ཉིན་སྤྱི་ནོར༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་བཀའ་ཆོས་བསྩལ་ཡོད་པ་དང་། ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་།    ༸མགོན་པོ་གང་ཉིད་ནས་ཆོས་ཟེར་རྒྱུ་དེ་དགོས་མཁོ་ཡོད་མེད་དང་། སངས་རྒྱས་པའི་ཆོས་འདི་གང་འདྲ་ཡིན་པ་དེ་དག་ངོ་སྤྲོད་གནང་སྲོལ་ཡོད་པ་ལྟར།    ཆོས་ཉམས་ལེན་བྱེད་ཕྱོགས་དང་འབྲེལ་ནས་དེང་གི་འཛམ་བུ་གླིང་གི་གནས་གླིང་ལ་ཐུགས་དགོངས་བཞེས་ནས་བཀའ་སློབ་ཕེབས་དོན་དུ།   རིས་མེད་ཆོས་ལུགས་ཁག་ཚང་མས་བྱམས་བརྩེ་དང་། བཟོད་པ། ཆོག་ཤེས་སོགས་བཟང་པོའི་བསླབ་བྱ་གཅིག་གྱུར་གསུང་གི་ཡོད། འོན་ཀྱང་དེ་ལྟར་གསུང་མཁན་ཆོས་ལུགས་ཚང་མས་རྙོག་གྲ་བཟོས་ནས་དེང་སྐབས་འབར་མའི་ནང་ཆ་བཞག་ནའང་། སངས་རྒྱས་པའི་ཆོས་པས་ཞེན་ཁོག་བྱས་ནས་འབར་མའི་ནང་ཡོད་པའི་ཁ་ཆེའི་ཆོས་པ་ཆོར་སྡུག་སྦྱོང་བཏང་བ་དེ་འདྲ་ཡོང་གི་འདུག   ཁ་ཆེ་ནང་ཁུལ་ཆ་བཞག་ནའང་  Shia དང་ Sunni དབར་གསོད་རེས་བཏང་བ། དེ་བཞིན་ཡི་ཤུ་དང་ཁ་ཆེའི་དབར་གསོད་རེས་བཏང་བ་དེ་དག་ཧ་ཅང་ཐབས་སྐྱོ་བོ་འདུག  
ད་ཆ་ང་ཚོ་ཚང་མ་འདིར་མང་ཇའི་ཇ་འཐུང་བག་ལེབ་ཟ་ནས་ཞི་བདེའི་ངང་སྡོད་ཡོད། འོན་ཀྱང་དུས་ཡུན་འདི་རང་ལ་ང་ཚོ་མི་གཅིག་པ་ཡིན་པ་མང་པོ་ཞིག་གསོད་རེས་གཏོང་གི་ཡོད། ས་ཁུལ་ཁག་མང་པོ་ལ་མུ་གེའི་འཆི་གི་འདུག ཕྲུ་གུ་ཆུང་ངུ་དེ་འདྲ་སྐྱབས་མེད་མགོན་མེད་ཧ་ཅང་སྐྱོ་བོའི་ངང་འཆི་བཞིན་འདུག་པ་དེ་དག་འཛམ་གླིང་གི་ཆ་རྐྱེན་དེ་དག་སྤྱི་ལ་ཕན་པ་ཞིག་དང་གཞན་ལ་ཕན་པའི་ཐོག་ལ་བསམ་བློ་བཏང་ནས་ཕྱིན་པ་ཡིན་ན། དེ་འདྲའི་མུ་གེ་ཕལ་ཆེར་ཡོང་གི་མ་རེད། མི་གསོད་རེས་གཏོང་རྒྱུ་ཕར་བཞག་ཕལ་ཆེར་མུ་གེ་ཡོང་གི་མ་རེད། འཛམ་གླིང་འདིའི་སྟེང་སྐྱེ་རྒ་ན་འཆིའི་མཚོན་པའི་ལྷན་སྐྱེས་ཀྱི་སྡུག་བསྔལ་ཡོད་པའི་ཐོག་ལ་མིས་བཟོས་པའི་སྡུག་བསྔལ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། ད་ལྟའི་འཛམ་གླིང་གི་གནས་སྟངས་འདི་འགྲིག་གི་འདུག སོ་སོའི་སྟེང་ཆག་སྒོ་རིགས་མ་བྱུང་ན་འགྲིག་གི་འདུག་ཅེས་བརྗོད་པ་ཡིན་ན་མ་རུང་བ་རེད།    ཅེས་སོགས་ཀྱི་བཀའ་སློབ་བསྩལ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org