རྒྱ་ནག་གཞུང་ད་ལྟའི་ཆར་བརྟན་པོ་མེད་པ་དང་རྒྱ་ནག་ནང་རིང་མིན་འགྱུར་བ་ཞིག་བསླེབ་ངེས་ཡིན་པ། ༸གོང་ས་མཆོག་གིས་བཀའ་སྩལ་བ།
མགོན་པོ་གང་ཉིད་ནས་བོད་དོན་གྱི་གནད་དོན་དེ་ང་ཚོ་གཅིག་པོས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་དང་དེའི་ཐོག་ཤུགས་ཆེ་བའི་ནུས་པ་ཞིག་འཐོན་རྒྱུ་མེད་པས་ནུབ་ཕྱོགས་ཀྱི་མི་རིགས་ཚོས་ཀྱང་གང་ལྕོགས་ཀྱིས་བོད་ཀྱི་གནད་དོན་དེར་རོགས་བྱེད་རྒྱུ་དེ་གལ་ཆེ་ཞིག་ཆགས་ཀྱི་ཡོད་ཅེས་ཁོང་ལ་བཀའ་སྩལ་བ།
- 2022-07-11
-
-
-
ཕྱི་ཚེས་༡༠ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌ་གྷིཡར་Richard Gereལགས་སུ་མཇལ་ཁ་སྩལ་སྐབས། ༸གོང་ས་མཆོག་གིས་རྒྱ་ནག་གཞུང་ད་ལྟའི་ཆར་བརྟན་པོ་མེད་པ་དང་རྒྱ་ནག་ནང་རིང་མིན་འགྱུར་བ་ཞིག་བསླེབ་ངེས་ཡིན་ཞེས་བཀའ་སྩལ་གནང་ཡོད་པ་རི་ཆརཌ་གྷིཡར་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཡང་འདི་ཚེས་༡༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབོད་སྐུལ་ལྟར་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་རི་ཆརཌ་གྷིཡར་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་རྣམ་པ་ལ་བཀའ་སློབ་གནང་བའི་སྐབས།
ཁོང་རང་ཉིད་ནས་བོད་དོན་ཐོག་ཆབ་སྲིད་ཀྱི་ལས་འགུལ་ཐོག་མར་འགོ་བཙུགས་པའི་ཀུན་སློང་དེ་ཕྱི་ལོ་༡༩༨༡ལོར་༸གོང་ས་མཆོག་ལ་མཇལ་ཁ་ཐོག་མ་དེ་ཞུས་པའི་སྐབས། མགོན་པོ་གང་ཉིད་ནས་ཁོང་ལ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དངོས་རྫས་ཡིན་པ་གསེར་གྱི་རྟགས་མ་ཞིག་སྩལ་གནང་བ་དང་འབྲེལ། མགོན་པོ་གང་ཉིད་ནས་བོད་དོན་གྱི་གནད་དོན་དེ་ང་ཚོ་གཅིག་པོས་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་དང་དེའི་ཐོག་ཤུགས་ཆེ་བའི་ནུས་པ་ཞིག་འཐོན་རྒྱུ་མེད་པས་ནུབ་ཕྱོགས་ཀྱི་མི་རིགས་ཚོས་ཀྱང་གང་ལྕོགས་ཀྱིས་བོད་ཀྱི་གནད་དོན་དེར་རོགས་བྱེད་རྒྱུ་དེ་གལ་ཆེ་ཞིག་ཆགས་ཀྱི་ཡོད་ཅེས་ཁོང་ལ་བཀའ་སྩལ་བའི་སྐབས། ཁོང་རང་ཉིད་ཀྱི་སེམས་ནང་ཚོར་བ་ཤུགས་ཆེ་ཞིག་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐུ་ཞབས་རི་ཆརཌ་གྷིཡར་ལགས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་ལ་ཐུགས་རྗེ་ལེགས་གསོལ་མཚོན་ཆེད་ཞལ་ཐང་ཞིག་གནང་བ་དང་འབྲེལ། ད་རེས་ཀྱི་གཏམ་བཤད་འདི་ལྟ་བུ་ནི་གངས་སྐྱིད་བོད་མིའི་སྒྲིག་འཛུགས་སུ་ཕྱོགས་མཐའ་ཁག་ནས་གནས་ཡོད་མི་སྣ་ཕེབས་པ་རྣམ་ལ་འབོད་སྐུལ་ཞུས་ཏེ་བོད་མིིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་རྣམ་པ་ཚོར་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཀྱི་ཡོད་ཅེས་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་འགྲེལ་བརྗོད་གནང་གི་འདུག
སྐུ་ཞབས་རི་ཆརཌ་གྷིཡར་ནི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན་པ་དང་འཛམ་གླིང་ནང་སྐད་གྲགས་ཆེ་བའི་གློག་བརྙན་མི་ཉུང་བ་ཞིག་འཁྲབ་ཡོད། ཁོང་རང་ཉིད་བོད་དོན་ཐོག་འབྲེལ་བ་ཐོག་མ་དེ་བདུད་འཇོམས་རིན་པོ་ཆེ་དང་མཇལ་འཕྲད་བྱུང་བ་ནང་བཟུང་བྱུང་ཡོད་པ་དང་ཕྱིས་སུ་སྐྱོང་བླ་ར་སྟོད་རིན་པོ་ཆེ་ཁོང་གི་རྩ་བའི་བླ་མར་བརྟན་ཡོད་འདུག ཕྱི་ལོ་༡༩༩༣ལོར་འཛམ་གླིང་ནང་སྐད་གྲགས་ཆེ་བའི་ཨོས་ཀར་གཟེངས་རྟགས་མཛད་སྐོར་སྐུ་ཞབས་རི་ཆརཌ་གྷིཡར་ནས་སྡིངས་ཆའི་སྟེང་བོད་དོན་ཐོག་གཏམ་བཤད་བྱས་པ་ནས་ད་བར་རྒྱ་ནག་ནང་འགྲོ་ཆོག་གི་མེད་པའི་གནས་སྟངས་ཆགས་ཡོད་པ་རེད། ད་ལྟའི་ཆར་སྐུ་ཞབས་རི་ཆརཌ་གྷིཡར་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གྱི་ཕྱག་ལས་གནང་མུས་ཡིན་པ་རེད།
སྐུ་ཞབས་རི་ཆརཌ་གྷིཡར་ད་རེས་བཞུགས་སྒར་དུ་ཕེབས་པའི་སྐབས་༸གོང་ས་མཆོག་དགུང་གྲངས་༨༧ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་༸གོང་ས་མཆོག་གི་དཔེ་མཛོད་དང་ཡིག་ཚགས་ཁང་དེ་ཉིད་དབུ་འབྱེད་ཉིན་དང་གཞུང་འབྲེལ་གྱི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་སྐུ་མགྲོན་དུ་ཕེབས་ཡོད་ལ་ཕྱི་ཚེས་༨ནས་༡༠བར་ཉིན་གསུམ་གྱི་རིང་༸གོང་ས་མཆོག་གི་བདེ་མཆོག་ལཱུ་ཨི་པའི་གི་དབང་ཡང་ཞུས་ཡོད་པ་རེད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།