༸གོང་ས་མཆོག་གིས། མི་ཚང་མ་གཅིག་མཚུངས་ཀྱིས་ངོས་འཛིན་བྱེད་དགོས་པ་ཟངས་དཀར་ཁུལ་དུ་བཀའ་སྩལ་གནང་བ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ས་གནས་ཀྱི་ཁ་ཆེའི་ཆོས་གྲོགས་རྣམས་དང་མཇལ་འཕྲད་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་འབྲེལ་དང་མི་ཚང་མ་གཅིག་འཚུངས་ཀྱི་ངོས་འཛིན་བྱེད་དགོས་པའི་སྐོར་བཀའ་སློབ་རྩལ་གནང་སོང་།
- 2022-08-13
-
-
-
Your browser doesn’t support HTML5 audio
ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༨ པའི་ཚེས་༡༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ས་གནས་ཀྱི་ཁ་ཆེའི་ཆོས་གྲོགས་རྣམས་དང་མཇལ་འཕྲད་གནང་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་མི་ཚང་མ་གཅིག་འཚུངས་ཀྱིས་ངོས་འཛིན་བྱེད་དགོས་པའི་སྐོར་བཀའ་སློབ་རྩལ་གནང་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་ས་གནས་ཀྱི་ཁ་ཆེའི་ཆོས་གྲོགས་རྣམས་དང་མཇལ་འཕྲད་གནང་བ་ནི་ས་གནས་ཀྱི་ཁ་ཆེ་ཨན་ཇུ་མན་ཨི་མ་མི་ཡའི་ཚོགས་པས་གསོལ་འདེབས་ཞུས་པ་ཡིན་སྐོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་གྷུ་ལམ་མྷེ་དིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཆེའི་ཆོས་གྲོགས་རྣམས་དང་མཇལ་འཕྲད་གྲུབ་པའི་རྗེས་ཟངས་དཀར་དཔལ་ལྡུམ་གྲུ་འཛིན་ཕོ་བྲང་གི་ཉེ་འཁོར་དུ་ཆགས་པའི་གསུང་ཆོས་རྭ་བའི་ནང་ས་གནས་ཀྱི་སློབ་ཕྲུག་གཙོས་པའི་དད་ལྡན་མི་མང་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་རྩལ་གནང་མཛད་སོང་།
ད་རིང་༸གོང་ས་མཆོག་གིས་་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་སྩལ་བ་ནི་སོ་སོའི་སེམས་ནང་ཧ་ཅང་གི་ཟུག་པོ་བྱུང་ཞེས་ས་གནས་ཀྱི་སློབ་མ་ཡེ་ཤེས་ལྷ་སྒྲོན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཟངས་དཀར་ཡུལ་ནས་ཡིན་པ་མ་སུ་རི་བོད་ཁྱིམ་གྱི་སློབ་ཟུར་བློ་བཟང་ཆོས་དར་ལགས་ཀྱིས། ༸གོང་ས་མཆོག་ཟངས་དཀར་ཁུལ་དུ་ཆིབས་སྒྱུར་བསྐྱངས་པ་དེས་ཁོང་གི་སེམས་ལ་སྤྲོ་བ་ལྡན་པ་དང་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དགོས་པའི་སྐོར་བཀའ་སློབ་ཕེབས་པ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཡུལ་དུ་ཐེངས་མང་ཆིབས་སྒྱུར་གནང་པའི་ནང་ཕྱི་ལོ་༡༩༨༨ ལོར་ས་གནས་སུ་དུས་འཁོར་དབང་ཆེན་ཐེངས་༡༢ པ་དེ་བཀའ་དྲིན་བསྐྱངས་འདུག་པ་མ་ཟད། ད་རེས་དགོན་པོ་ས་གནས་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དེ་ཐེངས་༨ པ་ཆགས་ཀྱི་ཡོད་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།