འབྱུང་འགྱུར་ངོས་རང་ལོ་བརྒྱ་བརྒལ་བ་ལ་བོད་རྒྱ་ཆེའི་མི་མང་གི་བསྟན་འགྲོའི་དོན་བྱེད་ཐུབ་ངེས་རེད། ཅེས་༧གོང་ས་མཆོག་གིས་བཀའ་སྩལ།
༧གོང་ས་མཆོག་གིས་རིམ་པས་བོད་ཀྱི་བདེན་མཐའ་གསལ་བའི་རེ་བ་བརྒྱབ་ཆོག་པ་ནི། དེང་སང་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། བོད་ཀྱི་ནང་ཆོས་དང་ངོས་ཀྱི་མིང་ལའང་དོ་སྣང་ཆེན་པོ་ཡོང་གི་འདུག་ཅེས་བཀའ་སྩལ་གནང་གི་འདུག
- 2022-06-24
-
-
-
Your browser doesn’t support HTML5 audio
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། འཇོལ་ཀོང་རྒྱལ་གསུམ་དང་བྱང་རིགས་ཚོགས་པ།ཡར་འབྲོག་ཚོགས་པ་དང་མངའ་རིས་སྤྱི་མཐུན་ཚོགས་པ་བཅས་ཀྱི་གཞིས་བྱེས་མི་མང་དང་། གཞན་ཡང་མི་སྒེར་བ་ཁག་ཅིག་སོགས་ནས་ཕྱི་ཟླ་༦པའི་ཚེས་༢༤ཉིན་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་འདས་པའི་ལོ་རྒྱུས་ནང་ཁོང་གིས་གང་འཚམས་བོད་བསྟན་སྲིད་མི་མང་དང་བཅས་པར་ཕན་ཐོག་སྒྲུབ་ཡོད་པ་གསལ་བོ་དང་། སླད་ཕྱིན་ཀྱང་དགུང་ལོ་བརྒྱ་བརྒལ་བ་ལ་བོད་རྒྱ་ཆེའི་མི་མང་གི་བསྟན་འགྲོའི་དོན་བྱེད་ཐུབ་ངེས་རེད་ཅེས་བཀའ་སྩལ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་རིམ་པས་བོད་ཀྱི་བདེན་མཐའ་གསལ་བའི་རེ་བ་བརྒྱབ་ཆོག་པ་ནི། དེང་སང་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། བོད་ཀྱི་ནང་ཆོས་དང་ངོས་ཀྱི་མིང་ལའང་དོ་སྣང་ཆེན་པོ་ཡོང་གི་འདུག་ཅེས་བཀའ་སྩལ་གནང་གི་འདུག
བརྟན་བཞུགས་ཕུལ་མཁན་གྱི་ཚོགས་པ་སྐྱིད་སྡུག་དང་མི་སྒེར་སོགས་ཐག་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཀྱང་བཅར་མཁན་མང་པོ་འདུག་པས། ཡོ་རོབ་ཧྥ་རན་སི་ནས་ཆེད་བཅར་བདེ་སྐྱིད་སྒྲོལ་མ་ལགས་ནི་བྱང་རིགས་ཚོགས་པའི་ཁོངས་མི་ཡིན་པ་དང་། ཁོང་གིས་༧གོང་ས་མཆོག་ནས་བོད་དོན་བདེན་མཐའ་སེལ་བ་སོགས་ཀྱི་ཐད་བཀའ་སློབ་དང་བརྟན་བཞུགས་ཕུལ་ཐུབ་པར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
ཡང་འཇོལ་ཀོང་རྒྱལ་གསུམ་གྱི་ཁོངས་མི་དགེ་བཤེས་ཕན་བདེ་ལགས་ནས། བརྟན་བཞུགས་ཀྱི་དགེ་རྩ་ལ་བརྟེན་ནས་༧གོང་ས་མཆོག་སྐུ་ཚེ་བརྟན་པ་དང་། བོད་གཞིས་བྱེས་ལྷན་འཛོམས་ཀྱི་རྟེན་འབྲེལ་ཡག་པོ་འཛོམས་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་མངའ་རིས་སྤྱི་མཐུན་ཚོགས་པའི་ཁོངས་མི་རྣམ་རྒྱལ་ཚེ་རིང་ལགས་ནས། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཞལ་བཞེས་ཐོབ་པ་བསྐལ་བ་བཟང་པོ་དང་བྱིན་རླབས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཡར་འབྲོག་ཚོགས་པའི་པ་སངས་ལགས་ནས་༧གོང་ས་མཆོག་ནས་འབྱུང་འགྱུར་ལོ་བཅུ་ཕྲག་གཉིས་གསུམ་ལ་བཞུགས་རྒྱུའི་ཞལ་བཞེས་ཟབ་མོ་ཐོབ་པར་ཧ་ཅང་འདོད་བློ་ཁེངས་པ་ཞིག་བྱུང་བ་དང་། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཤུགས་དྲག་གནང་གི་འདུག
༧གོང་ས་མཆོག་གིས་བོད་ནང་གི་རྒྱ་ཆེའི་མི་མང་ཚོས་ཁོང་ལ་དད་མོས་ཧ་ཅང་ཆེན་པོ་གནང་གི་ཡོད་པས། ཁོང་ཚོ་ལ་སྨོན་ལམ་ཚིག་སྐམ་པོ་ཞིག་མ་གཏོགས་མེད་ཀྱང་སྨོན་ལམ་འདེབས་རྒྱུ་ནི་ངོས་ཀྱི་ལས་འགན་ཡིན་པ་དང་། རྒྱ་ནག་ནང་དུའང་དེང་སང་ཏཱ་ལའི་ལོག་སྤྱོད་པ་ཟེར་མཁན་མེད་པར། ཏཱ་ལའི་བླ་མས་ཆོས་ཀྱི་སྐོར་བཤད་པ་དེ། ནཱ་ལེན་དྲའི་ཆོས་རྒྱུད་ཚན་རིག་དང་མཐུན་པ་འདུག་ཅེས་བཤད་མཁན་ཡོང་གི་ཡོད་པར་བརྟེན། ལོ་ཉི་ཤུ་ཙམ་ལ་ངོས་ནས་འདིར་བསྲ་ཐག་ཐག་གིས་འདུག་རྒྱུ་དང་། ཁྱེད་རང་ཚོ་བོད་རྒྱ་ཆེའི་མི་མང་གིས་ཀྱང་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱ་དགོས་པ་ཧ་ཅང་གལ་ཆེན་རེད་ཅེས་ལམ་སྟོན་གནང་གི་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།