༧གོང་ས་མཆོག་དབྱིན་ཡུལ་རྒྱལ་སར་ཞབས་སོར་འཁོད་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཞབས་སོར་འཁོད་གནང་མཛད་འདུག་།།

༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་མེན་ཆེསི་ཀྲར་གྲོང་ཁྱེར་ཁུལ་དུ་ཆོས་འབྲེལ་ལེགས་པར་བསྐྱངས་གནང་གྲུབ་རྗེས་ ཕྱི་ཚེས་ ༡༧ ཉིན་༸གོང་ས་མཆོག་རྒྱལ་ས་ལོན་ཌོན་དུ་ཞབས་སོར་འཁོད་འདུག་པ་དང་ དེར་༧གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་ས་གནས་བོད་རིགས་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད་  བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་གསལ་བར་གཞིགས་ན་ ༸གོང་ས་མཆོག་རྒྱལ་ས་ལོན་ཌོན་དུ་ཆིབས་སྒྱུར་མ་བསྐྱངས་གོང་མེན་ཆེསི་ཀྲར་ཁུལ་དུ་ཉིན་མཐའ་མའི་མཛད་འཕྲིན་སྐབས་ སྔ་དྲོ་ཐོག་མར་བཞུགས་གནས་མགྲོན་ཁང་དུ་ ཡེ་ཤུའི་ཆོས་པ་དགེ་འདུན་པ་སྐུ་ཞབས་ལོའོ་རེནསི་ཕི་རི་མེན་མཆོག་གིས་༸གོང་ས་མཆོག་དང་མཇལ་བཅར་ཞུས་ཡོད་འདུག སྐུ་ཞབས་ལོའོ་རེནསི་ཕི་རི་མེན་ནི་༸གོང་ས་མཆོག་དང་ལྷན་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་མང་པོར་མཉམ་ཞུགས་གནང་མཁན་ཞིག་ཡིན་པར་གསལ་འདོན་གནང་བཞག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མེན་ཆེསི་ཀྲར་ཁུལ་དུ་་སྔ་དྲོ་ཆོས་འབྲེལ་གྲུབ་མཚམས་ ཉིན་རྒྱབ་མང་ཚོགས་ཀྱི་འདྲི་བར་བཀའ་ལན་སྩལ་གནང་མཛད་ཡོད་པ་དང་ དེ་རྗེས་ལོན་ཌོན་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་ཡོད་རྒྱལ་ས་ལོན་ཌོན་ཁུལ་དུ་ ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་ལྦེསི་མིནསི་ཀྲར་གཙུག་ལག་སློབ་ཁང་དུ་ མང་གཙོའི་རིན་ཐང་དང་བོད། ཅེས་པའི་བརྗོད་གཞིའི་ཐོག་ བཀའ་སློབ་སྩལ་གནང་མཛད་པ་མ་ཟད་ ཕྱི་ཚེས་༡༩ཉིན་ སྙན་གྲགས་ཆེ་བའི་རོའོ་ཡལ་ཨེལ་སྦཏ་(Royal Albert Hall)ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ དོན་དམ་གྱི་འགྱུར་བ་སེམས་ནས་ཡོང་དགོས་ཞེས་པའི་བརྗོད་གཞིའི་ཐོག་ མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་གསལ་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org