ནིའུ་ཡོག་ལ་རྒྱ་གར་གཞུང་མང་ལ་ཐུཌ་རྗེ་ཆེ་ཞུ་བའི་འདུ་ཚོགས།

༸གོང་ས་མཆོག་གིས་ནིའུ་ཡོག་གྲོང་ཁྱེར་འདིའི་ནང་བོད་མི་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོར་ཆིབས་བསྒྱུར།

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ནིའུ་ཡོག་གྲོང་ཁྱེར་གྱི་ནང་ཕྱིར་སྡོད་རྒྱ་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱི་རྗེས་གྲོང་ཁྱེར་འདིའི་ནང་བོད་མི་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བཀྲིན་ཆེ་ཡོད་པ་རེད།

མཛད་སྒོ་དེར་ཨ་རིའི་ནང་གནས་སྡོད་རྒྱ་གར་སྤྱི་ཚོགས་ཀྱི་དམིགས་བསལ་མགྲོན་འབོད་གནང་བའི་འཐུས་མི་སྐུ་ཚབ་བརྒྱ་ལྷག་ཕེབས་པའི་འདུ་ཚོགས་ལ་ཐོག་མར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ལྔ་བཅུའི་རིང་གང་ཅིའི་རོགས་སྐྱོར་གནང་བ་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

སྤྱི་ནོར་༸གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་ནང་རྒྱ་གར་དང་བོད་མིའི་འབྲེལ་བ་དེ་ནི་ལོ་ངོ་ལྔ་བཅུའི་ནང་གི་འབྲེལ་བ་ཞིག་མིན་པར་འདས་པའི་ལོ་ངོ་སྟོང་ཕྲག་མང་པོ་ནས་ཡོད་པའི་འབྲེལ་བ་ཞིག་ཡིན་པ་དང་དེ་ཡང་སྐབས་དེར་སྤྱི་ནོར་༸གོང་ས་མཆོག་གིས་དེ་སྔོན་རྒྱ་གར་གྱི་སྲིད་བློན་དམ་པ་མཱོ་རར་ཇི་ཌེ་སའེ་མཆོག་གིས་རྒྱ་གར་དང་བོད་དེ་བྱང་ཆུབ་ལྗོན་ཤིང་གཅིག་གི་ཡན་ལག་གཉིས་པོ་དེ་ཡིན་པ་གསུངས་མྱོང་ཡོད་པ་ངོ་སྤྲོད་གནང་བཞིན་༸གོང་ས་མཆོག་རང་ཉིད་ད་ལྟ་རྒྱལ་སྤྱིའི་ནང་རྒྱ་གར་གྱི་གཞི་རིམ་འཚེ་བ་མེད་པའི་ལྟ་གྲུབ་ཁྱབ་སྤེལ་བྱ་མཁན་གྱི་བང་ཆེན་པ་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་ཡང་༸གོང་ས་མཆོག་གིས་རྒྱ་གར་ལ་ངའི་སྦྱིན་བདག་ཅེས་ད་ཆ་ངའི་སྦྱིན་བདག་གི་ངོས་ནས་རྒྱལ་སྤྱིའི་ནང་འཚེ་བ་མེད་པའི་ཞི་བདེའི་ལྟ་གྲུབ་དེ་སྤེལ་ཐབས་ལ་འགན་འཁུར་ཆེ་ཙམ་བཞེས་དགོས་ཀྱི་ཡོད་པ་གཟིགས་ཀྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད།

ཡང་སྐབས་དེར་རྒྱ་གར་བའི་སྐུ་ཚབ་ངོས་ནས་ཀྱང་སྤྱི་ནོར་༸གོང་ས་མཆོག་གིས་རྒྱ་གར་གྱི་གཤིས་སྤྱོད་བཟང་པོ་རྣམས་འཛམ་གླིང་སྤྱི་ལ་ངོ་སྤྲོད་ཆེད་སྐུ་ཚབ་ལྟ་བུ་གནང་བཞིན་པར་བཀྲིན་རྗེས་དྲན་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org