༸གོང་ས་མཆོག་གི་ཨ་རིའི་མཛད་འཆར་སང་ཉིན་ནས་དབུ་འཛུཌ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་མཛད་འཆར་ཁག་སང་ཉིན་ནས་དབུ་འཛུགས་གནང་རྒྱུ་ཡིན་འདུག
-
2009-04-23 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ནུབ་ཕྱོགས་ཀེ་ལི་ཕོར་ནི་ཡའི་མངའ་སྡེའི་སེན་ཊ་སྦར་སྦ་ར་ཞེས་པའི་ས་གནས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སང་ཉིན་ཚེས་ཉི་ཤུ་བཞི་ཉིན་གསུངས་བཤད་ཁག་གཉིས་གནང་རྒྱུ་ཡིན་འདུག
དེ་ཡང་མཛད་འཆར་གཞིར་བཟུང་ལྟར་ན་སང་ཉིན་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་བཅུ་གཅིག་དང་ཕྱེད་ཀ་བར་མིའི་རང་བཞིན་གྱི་བསམ་བློའི་འཁྱེར་གསོའི་སྐོར་གསུངས་བཤད་གནང་རྒྱུ་དང་དེ་ནས་ཉིན་གུང་རྒྱབ་ཆུ་ཚོད་གཉིས་པ་ནས་ཆུ་ཚོད་བཞི་པ་བར་དེང་དུས་དང་བསྟུན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་རྒྱུའི་མཛད་འཆར་ཡོད་འདུག
སེན་ཊ་སྦར་སྦ་ར་གཙུག་ལག་སློབ་གྲྭ་ཆེན་མོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནང་ཆོས་ཀྱི་སློབ་དཔོན་ཆེན་མོའི་མཚན་གནས་འབུལ་བཞེས་གནང་ཡོད་པ་མ་ཟད་ད་བར་གཙུག་ལག་སློབ་གྲྭ་ཆེན་མོ་འདིའི་ནང་ཐེངས་གསུམ་ཙམ་ཆིབས་བསྒྱུར་གནང་མྱོང་ཡོད་པ་རེད། སང་ཉིན་གྱི་གསུངས་བཤད་རྣམས་ཐད་ཀར་དྲ་རྒྱ་དང་ས་གནས་ཀྱི་རླུང་འཕྲིན་ཐོག་ནས་ཀྱང་ཉན་ཐུབ་པའི་མཐུན་རྐྱེན་གོ་བསྒྲིགས་ཞུས་ཡོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀེ་ལི་ཕོར་ནི་ཡའི་མཛད་འཆར་གྲུབ་གནང་བའི་རྗེས་སུ་ཤར་ཕྱོགས་སྦོ་སི་ཀྲོན་མངའ་ཁུལ་དང་དེ་ནས་གྲོང་ཁྱེར་ནིའུ་ཡོག་ཏུ་ཆིབས་བསྒྱུར་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།