༧གོང་ས་མཆོག་ནས་ཁ་ཆེའི་སློབ་གྲྭར་བཀའ་སློབ་གནང་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་Jamia Millia ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་དུ་འཚེ་མེད་ཞི་བའི་གལ་གནད་དང་བཟང་སྤྱོད་ཀྱི་རིང་ཐང་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག
-
2012-09-13 -
-
-
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཚེས་༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་JAMIA MILLIA ISLAMIA UNIVERSITYཞེས་པའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་དང་འབྲེལ། གཙུག་ལག་སློབ་གྲྭའི་སློབ་སྤྱི་དང་། དགེ་ལས་སློབ་ཕྲུག་བཅས་མི་མང་བརྒྱ་ཕྲག་བརྒལ་བར་འཚེ་མེད་ཞི་བའི་གལ་གནད་དང་བཟང་སྤྱོད་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་མཛད་ཡོད་པ་རེད།
སློབ་གཉེར་ཁང་གི་སློབ་སྤྱི་ Najeeb Jung མཆོག་གིས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་གྲྭ་དེའི་ནང་ལོ་བཞིའི་རྗེས་སླར་ཡང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་འཚམས་འདྲི་དང་། ཐུགས་རྗེ་ཆེ་ལེགས་འབུལ་ཞུས་པ་མ་ཟད། འཚེ་མེད་ཞི་བའི་གལ་གནད་དང་བཟང་སྤྱོད་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩོལ་མཁན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལས་ལྷག་པ་ཞིག་མེད་པའི་སྐོར་ངོ་སྤྲོད་གསུང་བཤད་གནང་འདུག
དེ་རྗེས་གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་གནང་སྐབས། འགྲོ་བ་མི་རྣམས་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས་ དབང་ཤུགས་དང་ཤེས་ཡོན་ཡོད་མེད་ལ་མ་ལྟོས་པར་ རང་ཉིད་ཁེར་རྐྱང་གཅིག་པུར་འཚོ་ཐབས་མེད་པ་སོགས་ཀྱི་དྲན་སྐུལ་གནང་བཞག དེ་བཞིན་ཡང་ ༧གོང་ས་མཆོག་གིས་དུས་རབ་ཉི་ཤུ་པ་དེར་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་བྱུང་ཡོད་སྟབས། དུས་རབས་ཉེར་གཅིག་པ་འདི་བཞིན་ གྲོས་མོལ་གྱི་དུས་རབས་ཤིག་ཏུ་བསྐྲུན་གལ་ཆེ་བའི་སྐོར་བཀའ་གནང་འདུག
༧གོང་ས་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་བསྐྱངས་པའི་ཉིན་གྲངས་བཞི་ཙམ་གྱི་མཛད་འཆར་གྲུབ་རྗེས་འདི་རིང་ཕྱི་ཚེས་༡༣ཉིན་རྒྱ་གར་གྱི་ཨུཏཏར་ཁཎྜ་མངའ་སྡེའི་རྒྱལ་ས་དེ་ར་དུན་དུ་ཆིབས་བསྒྱུར་གནང་ཡོད་པ་རེད།