ཆིབས་བསྒྱུར་བརྒྱུད་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུའི་རེ་བ།

༧གོང་ས་མཆོག་ཕྱི་ཟླ་༡༠ པའི་ཚེས་༡༠དང་༡༡ བཅས་ཉིན་གྲངས་གཉིས་ཀྱི་རིང་ཝར་ཇི་ནི་ཡ་ནང་བསྐྱངས་པའི་མཛད་འཆར་ཁག་གྲུབ་ཏེ་ཨ་རིའི་མངའ་སྡེ་ ཝར་མོཎྜ་ དུ་ཆིབས་བསྒྱུར་གནང་འདུག

༄༅།    །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཟླ་༡༠    ཚེས་༡༡    ཉིན་ཨ་རིའི་ཝར་ཇི་ཡི་ན་མངའ་སྡེའི་ཤར་ལོཙ་བེལ་གྲོང་ཁྱེར་དུ་ཁུལ་དེའི་བོད་མི་དང་།    ཉེ་འཁོར་གྱི་བོད་མི་བཅས་ཁྱོན་མི་གྲངས་༤༠༠བརྒལ་བར་ལམ་སྟོན་བཀའ་སློབ་གནང་སྐབས།    བོད་ཀྱི་འདས་པའི་ལོ་རྒྱུས་ནང་དུས་རབས་འདིའི་ནང་བྱུང་བ་ལྟ་བུའི་ཐབས་སྡུག་གི་གནས་སྟངས་ཧ་ལམ་བྱུང་མ་ཡོང་བ་ཞིག་ཡིན་སྐོར་བཀའ་གནང་བ་དང་འབྲེལ།    བོད་པའི་མི་རིགས་རིག་གཞུང་དང་བཅས་པ་རྩ་བརླག་འགྲོ་རྒྱུའི་ཉེན་ཁའི་དུས་ལ་སླེབས་ཡོད་སྐོར་བཀའ་གནང་སོང་།    འོན་ཀྱང་འདས་པའི་ལོ་༦༠ནང་བོད་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཉམས་ཡག་མེད་པ་གསལ་པོ་རེད་ཅེས་བཀའ་གནང་ཡོད་པ་རེད།    
སྐབས་དེར་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཆེད་ཕེབས་ཀྱིས།    ཉེ་དུས་སུ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་མཇུག་འབྲས་སོགས་ངོ་སྤྲོད་གནང་ཡོད་པ་རེད།


༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་པའི་ཚེས་༡༢ དང་༡༣ ཉིན་གཉིས་རིང་ཨ་རིའི་Vermont མངའ་སྡེའི་Middlebury གཙུག་ལག་སློབ་གྲྭའི་ནང་བྱམས་བརྩེ་སྐྲུན་ཐབས་ཀྱི་སྐོར་ལ་བཀའ་སློབ་ཐེངས་གཉིས་གནང་གི་ཡོད་པ་དང༌། དེ་རིང་ཉིན་དང་པོ་དེར་གཙུག་ལག་སློབ་གྲྭའི་སློབ་མ་དང་དགེ་ལས་ཡོངས་ལ་བཀའ་སློབ་བསྕལ་རྒྱུ་དང༌། སང་ཉིན་རེས་གཟའ་སྤེན་པའི་ཉིན་མི་མང་ལ་བཀའ་སློབ་བསྩལ་རྒྱུ་ཡིན་ཞིང༌། ༧གོང་ས་མཆོག་གི་བཀའ་སློབ་ཞུ་བར་བཅར་རྒྱུའི་ཕྱག་འཁྱེར་ཡོངས་རྫོགས་ཚོང་འགྲེམས་ཟིན་ཡང༌། ཕྱག་འཁྱེར་མ་ཐོབ་པ་དང་དོ་སྣང་ཅན་ཚོའི་ཆེད་དུ་༧གོང་ས་མཆོག་གི་བཀའ་སློབ་མཛད་འཆར་གཉིས་ཀ་བརྙན་འཕྲིན་ཐོག་ཐད་ཀར་གཟིགས་ཐུབ་རྒྱུའི་མཐུན་རྒྱུར་བསྐྲུན་རྒྱུ་ཡིན་པ་རེད།
ད་རེས་༧གོང་ས་མཆོག་མངའ་སྡེ་དེའི་ནང་ཆིབས་བསྒྱུར་གྱི་མཛད་འཆར་གཙོ་བོ་ནི། མི་དམངས་ལ་རེ་བ་དང༌། བྱམས་བརྩེ་སྐྲུན་ཐབས་ཀྱི་ཆེད་དུ་ཡིན་ཞིང༌། གཙུག་ལག་སློབ་གྲྭའི་འགོ་འཛིན་ནས་ཀྱང་༧གོང་ས་མཆོག་གིས་གཙུག་ལག་སློབ་གྲྭའི་དེའི་ནང་ཆིབས་བསྒྱུར་གྱི་གདན་ཞུ་ཕུལ་དགོས་པའི་དམིགས་ཡུལ་ལམ་འདུན་པ་ནི། མི་དམངས་ལ་རེ་བ་དང༌། ཕུགས་བསམ། འཆམ་མཐུན་ཀྱི་འདུ་ཤེས་སམ་བསམ་བློ་ཞིག་བསྐྲུན་ཏེ།    ཁོང་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org